གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས།

发布时间:2026年11月05日 文章来源:ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ།

གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རང་རེའི་ཏང་གི་བསམ་བློ་གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་གལ་ཆེན་ཞིག་རེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་སྦྲགས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། “གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ”དེ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ལ་བརྩིས་ནས། “ཏང་འཛུགས་སྐྱོང་ཐད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཡག་པོ་དང་ཐག་གཅོད་ཡག་པོ་བྱེད་དགོས་པའི”ནན་བཤད་བྱས་ཡོད་པ་རེད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མཐུན་རྐྱེན་མང་པོ་འཛོམས་པ་དང་དུས་མཚུངས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཡང་མང་པོ་འཕྲད་ཡོད། འཛམ་གླིང་གི་གནས་བབ་དང་། རྒྱལ་བབ། ཏང་གི་གནས་བབ་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ལས་འགན་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན། ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ལས་འགན་བཅས་སྔར་བས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད། ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་བཞི”ནི་ཡུན་རིང་དང་། རྙོག་འཛིང་། ཛ་དྲག་བཅས་ཡིན་པས། ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པར་འབད་བརྩོན་དེ་བས་ཆེན་པོ་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་ཏང་ནང་ཁུལ་གྱི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས་སྤེལ་བ་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ད་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ནང་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འགག་རྩ་དང་གནད་འགག་དམ་འཛིན་དང་། གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས་ཐབས་འགོད་ཇུས་འདོན་གྱིས། བསམ་ཕྱོགས་དང་བྱ་ཐབས་ཇུས་འགོད་བྱས་ནས་གནད་དོན་གང་ཞིག་ཡོད་ན་དེ་ཐག་གཅོད་དང་གནད་དོན་གང་ཞིག་མངོན་གསལ་དོད་པོ་ཡོད་ན་དེ་གཙོ་གནད་ཐོག་ཐག་གཅོད་མཐའ་འཁྱོངས་བྱེད་པ་དང་། གནད་དོན་གྱི་འབྱུང་རྩ་གནད་ལ་འཁེལ་བའི་ངང་འཚོལ་བ། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་ཁ་གཏད་འཇལ་ཐབས་འདོན་པ་བཅས་བྱས་པ་ལས། རང་རེའི་ཏང་གིས་འགལ་ཟླར་མི་གཡོལ་བ་དང་སྐྱོན་གསང་ནས་བཅོས་མི་འདོད་པ་མི་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དང་། རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་དང་དཀའ་གནད་སེལ་བའི་ལག་ལེན་གྱི་གཤིས་རྒྱུད་གང་ལེགས་མངོན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེའི་ཁྲོད་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་དངོས་ཐག་གཅོད་པ་དེ་ལས་ཀའི་རྣམ་པ་གཏོད་པའི་ཚད་བརྒལ་སར་བྱས་པ་དེ་རེད།

“སྤྱོད་ཚུལ་བཞིའི”ཐད་གནས་པའི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པར་བརྟེན་ནས་དཀའ་གནད་ལས་སྒྲོལ་བ་དང“ལྕེ་ཐོག་གི་ཆུད་ཟོས”དང“འཁོར་ཐོག་གི་རུལ་སུངས” “འདུ་གནས་ནང་གི་ཚུལ་མིན་སྤྱོད་ཚུལ”བཅས་བཀག་འགོག་བྱེད་པ་ནས་འགོ་བཙུགས་ཏེ་གནད་དོན་རེ་རེ་བཞིན་དུ་འགག་སྒྲོལ་ཡོང་བ་དང་མཚམས་ཚིགས་རེ་རེ་བཞིན་དུ་བརྟན་སྲུང་བྱས་ཡོད།

གྲི་དངོ་རང་གཏད་དང་ཁྲིམས་བཙན་ཟིང་བཅོས་མཐའ་འཁྱོངས་ཀྱིས་གནད་དོན་མངོན་གསལ་དོད་རིགས་རྒྱུན་མཐུད་ཐག་གཅོད་བྱས་པས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷུག་ལྷོད་འཇམ་གསུམ་གྱི་སྣང་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་། ཡུན་རིང་བཀག་ཀྱང་མི་ཁོགས་པའི་ཚུལ་མིན་སྤྱོད་ཚུལ་ཁག་གཅིག་གཏན་འགོག་ཐུབ་པ། ལོ་མང་རིང་གི་གནད་དོན་བཅོས་སྒྲིག་བྱེད་དཀའ་རིགས་ཡོ་བཅོས་ཐུབ་པ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ནས་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་དུ་གྱུར་ཏེ་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན།《ཆོད་དོན》ནང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་དམིགས་ནས་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་ནས་ང་ཚོས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་དོན་གལ་ཆེན་དང་ཏང་ནང་ཁུལ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་སར་བྱེད་པའི་ལག་ལེན་གྱི་བླང་བྱ་སྔར་ལས་ཁོང་དུ་གཏིང་ཟབ་ཆུད་ཐུབ།

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》གཏན་འབེབས་བྱས་ནས་བཏོན་ཏེ། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ”བྱེད་པ་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་ནང་དོན་གཙོ་བོར་བཞག་ཡོད། ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་བཞི”ཡག་པོ་སྤྱད་དེ“ནད་དུག”དང“འབུ་གནོད”ཐོན་བཟོ་ཡོད་དུས་ནས་མེད་པར་བཟོ་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་ལམ་ལུགས་ཀྱི“སྣ་ཐག”དམ་པོར་བཟུང་བ་དང“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱུང་བ་ནི་ལས་གོ་མི་འཕེར་བ་ཡིན་པ”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་པས། ཏང་ཨུད་ཀྱིས་དམ་འཛིན་དང་། ཧྲུའུ་ཅིས་དམ་འཛིན། འབྲེལ་ཡོད་སྡེ་ཚན་ཁག་གིས་དམ་འཛིན། རིམ་པ་བཞིན་དུ་དམ་འཛིན། རིམ་པ་ཚང་མས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ཏང་འཛུགས་སྐྱོང་གི་ལས་ཀའི་རྣམ་པ་ཆགས་ཡོད།

མིག་སྔར་ཏང་གི་དཔུང་ཁག་གི་གཙོ་རྒྱུན་ནི་ཡག་པོ་ཡིན་མོད། འོན་ཀྱང་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་། ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བ། ཏང་གིས་ཡུན་རིང་སྲིད་སྐྱོང་བར་ཤུགས་རྐྱེན་བཟོ་བ་བཅས་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་ད་དུང་མི་ཉུང་བ་ཞིག་ཡོད། ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ངོས་འཛིན་གནད་ལ་འཁེལ་པོ་མ་བྱུང་བ་དང་། འགན་འཁྲི་དོན་འཁྱོལ་མི་བྱེད་པ། ལས་ཀ་ནུས་ལྡན་མ་བྱུང་བ། ལམ་ལུགས་ལག་བསྟར་ནན་པོ་མི་བྱེད་པ་བཅས་ཀྱིས་རྐྱེན་པས། མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་མ་ཐུབ་པ་དང་ཐ་ན་བྱ་ངན་སྤྱོད་ངན་རྒྱ་ཡན་དང་མཆེད་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པར“འགན་འཁྲི”ཞེས་པའི་ཡིག་འབྲུ་གཉིས་ལ་དམ་འཛིན་ནན་པོ་བྱེད་པ་དང་། “འགན་འཁྲི་རྩད་གཅོད”ཅེས་པའི་གནད་འགག་འདིར་དམ་འཛིན་བྱེད་པ། རང་འགན་ཐེག་པ་ཁུར་ལེན་དང་གཅིག་གྱུར་མཐུན་སྦྱོར་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དོན་འཁྱོལ་གནད་སྨིན་བཅས་ཡོང་བར་བྱེད་དགོས།

ལོ་105ཡི་རིང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་དང་། རང་ངོས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་ནི་རང་རེའི་ཏང་འདི་ཉིད་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།

རྒྱང་ལམ་གསར་པའི་ཐོག ང་ཚོས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས《ཆོད་དོན》གྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། སྐྱོན་བསྲང་ཟིང་བཅོས་དང་བཟང་བསྟོད་ངན་སྨད་ཁྲོད་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞིབ་ཕྲའི་གནད་དོན་རེ་རེ་བཞིན་ཚད་བརྒལ་ཡོང་བར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ། རང་རེའི་ཏང་འདི་ཉིད་དེ་བས་ལེགས་པ་དང་དེ་བས་སྟོབས་ཆེན་ཞིག་ཏུ་འཛུགས་སྐྱོང་བྱས་ཐོག ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ། པ་སངས་ཚེ་རིང་།



微信

抖音

邮箱

邮箱地址:xzwxbjb@sina.com