2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་གྱི་དམིགས་ཚད་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་སྐྱོད་བྱེད་དགོས།

发布时间:2026年07月14日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ད་ལྟ་ནས་བརྩིས་ན་2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་བྱེད་པའི་བར་ལོ་9ཡི་དུས་ཚོད་ལས་མེད་ཅིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འགག་རྩའི་འགག་སྒྲོལ་དུས་སྐབས་རེད།

རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་ཀྱི་ལས་འགན་ལ་རྒྱས་བཤད་གཏིང་ཟབ་གནང་ནས། “ཚན་རྩལ་བྱ་གཞག་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་གི་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པ”དང“2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་གྱི་དམིགས་ཚད་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་སྐྱོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་རང་རྒྱལ་གྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱ་ཆེད་བཏོན་པའི་འཐབ་ཇུས་ཀྱི་བཀོད་པ་ཞིག་རེད་ལ། ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་པའི་གཟིགས་རྒྱང་རིང་བའི་ཐབས་ཇུས་ཤིག་ཀྱང་རེད།

དུས་བབ་ཀྱིས་མི་ལ་ཚ་འདེད་གཏོང་བ་དང་འོས་འགན་གྱིས་རྒྱང་ལམ་ལ་ཞུགས་པར་སྐུལ་འདེད་གཏོང་ཞིང་། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་མདུན་དུ། རང་རྒྱལ་ལ་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཚན་རྩལ་གྱི་སྣེ་ཁྲིད་རང་བཞིན་གྱི་འཐབ་ཇུས་ཀྱི་འདེགས་སྐྱོར་དེ་བས་མཁོ་བ་ཡིན།

འགག་སྒྲོལ་དཀའ་སེལ་དང་འགག་སྒྲོལ་ལས་རྣམ་པར་རྒྱལ་བའི་ཆེས་རྩ་བ་ནི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། འབད་འཐབ་ཀྱི་ཁ་ཕྱོགས་དང་ཤུགས་རྒྱག་ས་འཚོལ་ཞིབ་གནད་འཁེལ་བྱས་ཏེ་གོམ་པ་རེ་རེ་བྱས་ནས་མདུན་སྐྱོད་བྱེད་དགོས།

“ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅན་གྱི་འགག་སྒྲོལ་ནུས་པ་ཆེ་རུ་གཏོང་བ”དང་། “ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ” “ཕུལ་བྱུང་གི་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ” “ཚན་རྩལ་གསར་གཏོད་ལ་མ་དངུལ་འཇོག་པའི་ཕན་འབྲས་ཆེ་རུ་གཏོང་བ” “ཚན་རྩལ་གདེང་འཇོག་གི་བཀོད་འདོམས་དབྱུག་པ་ཡག་པོ་སྤྱོད་པ” “ཚན་རྩལ་མི་ཆོས་དང་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ”བཅས་བྱེད་དགོས།

ད་ཐེངས་ཀྱི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་རིང་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་གནང་བ་མ་ཟད། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་གནང་སྟེ། ཕྱོགས་དྲུག་ཐད་ཀྱི་བླང་བྱ་ཁ་གསལ་བཏོན་ནས་རྒྱང་ལམ་གསར་པར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལས་དོན་ཡག་པོ་སྒྲུབ་པར་ཁྲིད་སྟོན་གལ་ཆེན་གནང་ཡོད།

ཚོགས་ཆེན་ཐོག “ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད”དང“ཕུལ་བྱུང་གི་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར”དམིགས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་བྱེད་པའི་ཚན་རིག་དང་མཐུན་པའི་བྱ་ཐབས་དང་ལག་ལེན་གྱི་ཐབས་ལམ་ལ་དེ་བས་ལེགས་པའི་སྒོ་ནས་གོ་བ་ལེན་པ་དང་སྟངས་འཛིན་བྱས་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འགག་རྩ་ནི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

ལོ་འདི་དག་གི་རིང་། རང་རྒྱལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་དེ་ཉིད་དཔལ་འབྱོར་རླུང་བརྟེན་རླབས་གཤགས་དང་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་གཞི་རྟེན་དུ་གྱུར་དོན་ནི་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་ཐུབ་ནས་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་སྲུབས་མེད་འབྲེལ་མཐུད་ཚགས་ཚུད་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

སྐྱེ་དངོས་སྨན་རྫས་ཐོན་ལས་ལ་ཆ་མཚོན་ན། ཧྲང་ཧའེ་ཡིས་དེ་ཉིད་སྣེ་ཁྲིད་ཐོན་ལས་ཆེན་པོ་གསུམ་གྱི་གྲས་སུ་བརྩིས་ཏེ། སྲིད་ཇུས་དང་། ནད་ཐོག་སྨན་བཅོས། དངུལ་རྩ། ཐོན་ལས་བཅས་རྩ་མང་ལེ་ལག་ལ་བརྟེན་ནས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་ཀྱིས་སྐྱེ་དངོས་སྨན་རྫས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གསར་གཏོད་བྱེད་མགྱོགས་སུ་བཏང་བར་བརྟེན། “སྤྱི་ལེ་གཅིག་གི་ནང་ཚུན་དུ་འཁོར་འབྲེལ་ཧྲིལ་པོའི་ཐོན་ཁུངས་འཚོལ་ཐུབ་པའི”གསར་གཏོད་ཚགས་ཚུད་ཀྱི་ལེགས་ཆ་གྲུབ་ཡོད། 2025ལོར་ཧྲང་ཧའེ་ཡི་སྐྱེ་དངོས་སྨན་རྫས་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

འབྱུང་འགྱུར་ཚན་རྩལ་གསར་གཏོད་ཀྱི་མཁོ་སྤྲོད་དང་ཐོན་ལས་ཀྱི་དགོས་མཁོའི་སྣེ་ཁྲིད་འབུར་དུ་ཐོན་པ་དང་། སྤུས་ཚད་མཐོ་བའི་ཚན་རྩལ་གྱི་མཁོ་སྤྲོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་མཐུན་རྐྱེན་སྦྱོར་བ། རྩེར་སོན་ཅན་དང་། ལྗང་མདོག་ཅན། རིག་ནུས་ཅན་བཅས་ཀྱི་ཐོན་ལས་ཀྱི་དགོས་མཁོར་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བཅས་བྱས་ཚེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་དྲང་ཕྱོགས་འཁོར་རྒྱུག་ཆགས་ཐུབ་ལ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་སྒུལ་ནུས་ཆེན་པོ་ཡང་འཕེལ་ཐུབ་ངེས་ཡིན།

“ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་མཐོ་པོ་མེད་པ་ནི་ང་ཚོར་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཞིག་རེད”ཚན་རྩལ་གྱི་གསོན་ཤུགས་དེ་བཀོལ་སྤྱོད་བྱ་རྒྱུར་ཐུག་ཡོད། གྲུབ་འབྲས་གཞན་སྒྱུར་གྱི་དཀའ་གནད་སེལ་བའི་འགག་རྩ་ནི་གྲུབ་འབྲས་གཞན་སྒྱུར་འཁོར་འབྲེལ་གྱི་འགོག་རྐྱེན་སེལ་རྒྱུ་དེ་རེད།

རྒྱལ་ཁབ་ཀྱི་ལག་རྩལ་སྤོ་སྒྱུར་མ་ལག་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། སྣ་མང་ཅན་གྱི་ཉེར་སྤྱོད་རྣམ་པ་དང་ཆུ་ཚད་མཐོ་བའི་ཐོན་ལས་ཚོ་འདུས་སྐྲུན་པ། ཤེས་རིག་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ་བཅས་བྱས་ཚེ། གཞི་ནས་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཚོད་ལྟ་ཁང་ནས་ཐོན་སྐྱེད་སྒྲུབ་རིམ་དུ་སྤྱོད་ཐུབ།

“ཚན་རིག་གི་འབྱུང་འགྱུར་གཞོན་ནུར་ཐུག་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞོན་ནུ་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་ཀྱི་འདུ་འགོད་ལ་བརྩི་དགོས”ཞེས་ནན་བཤད་གནང་ཡོད།

ཕུལ་བྱུང་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་ཇི་ལྟར་གསོ་སྐྱོང་བྱེད་དགོས་སམ། འགག་རྩ་ནི“སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་འཚར་ལོང་ཡོང་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི”གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་ཡག་པོ་སྤྱོད་དགོས། ཚན་སློབ་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་ལེགས་སུ་གཏོང་བ་དང་། གསོ་སྐྱོང་ཁྲོད་བེད་སྤྱོད་དང་བེད་སྤྱོད་ཁྲོད་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། ཕུལ་བྱུང་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་དེ་བས་མང་བ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བ་དང་འབུར་དུ་ཐོན་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་ཤེས་ལྡན་པའི་རྨང་གཞི་བརྟན་པོ་འདིང་ཐུབ།

རང་རྒྱལ་འདི་ཉིད་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ལ་བསྐྲུན་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་དོན་གཉེར་བྱེད་པའི་ཕུགས་འདུན་ཞིག་རེད། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།

དུས་ཚོད་ཀྱིས་མི་སྒུག་མི་སྲིད་ལ། ལོ་རྒྱུས་ཀྱིས་ཀྱང་མི་སྒུག་མི་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྒྱལ་གྱི་ཚན་རྩལ་ལས་རིགས་ཀྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

རྩོམ་སྒྲིག་པ།  དབྱངས་ཅན། 


微信

抖音

邮箱

邮箱地址:xzwxbjb@sina.com