“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། བོད་ཀྱི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པ་དང་། དུས་རབས་གསར་པའི་བོད་ལྗོངས་སུ་མི་དཀྱུས་མ་ཁྲི་སྟོང་མང་པོའི་འབད་འཐབ་དང་ཕུགས་འདུན་དེ་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོའི་ནང་འདུས་པ་དང་། བདེ་སྡོད་ལས་བརྩོན་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་རིམ་བཞིན་མངོན་བཞིན་མཆིས།
རྨང་གཞིའི་སྒྲིག་བཀོད་འགན་ལེན་བརྟན་པོ་བྱུང་བ་ནས་ཁྱིམ་ཚང་ཕལ་པའི་དྲོ་སྐྱིད་ལྡན་པའི་རྒྱུན་གཏན་གྱི་འཚོ་བ་བར་འཕེལ་རྒྱས་ཀྱི་རྣམ་པ་ལས་དོན་ཞིབ་ཕྲའི་ཁྲོད་ནས་མངོན་བཞིན་ཡོད། ས་བབ་སྨི་4300ཡོད་པའི་གཏིང་སྐྱེས་རྫོང་ཆད་གྲོང་ཚོའི་བདེ་སྐྱིད་ཁང་དུ་བགྲེས་སོང་རྣམས་མཉམ་དུ་འཛོམས་ནས་ཤོ་རྒྱག་ཞོར་ཇ་བསྲུབས་མ་འཐུང་བཞིན་ཡོད། “སྒོ་རའི་སྒྲིག་བཀོད་ཆ་ཚང་ཞིང་འཚོ་བ་སྐྱིད་པོ་འདུག”ཅེས་ལོ་78ལ་སླེབས་པའི་བགྲེས་སོང་རྒྱལ་མཚན་གྱིས་འཛུམ་དམུལ་དམུལ་ངང་བཤད། ཁོང་གི་ངོས་ནས་བརྗོད་ན་བློ་བདེ་ཤོས་ནི་དུས་བཀག་ལྟར་སྒོ་རྩར་ཕེབས་པའི་སྨན་བཅོས་ཞབས་ཞུ་སྟེ། སྨན་པས་རྟག་ཏུ་ཁྲག་ཤེད་འཇལ་བར་ཡོང་ནས་རྒན་རྒོན་ཚོའི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དེ་རེད། དྲོ་སྐྱིད་ལྡན་པའི་རྣམ་པ་དེ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་རང་ལྗོངས་ཀྱི་རྒན་གསོའི་ཞབས་ཞུའི་འགན་སྲུང་ཏན་ཏིག་བྱས་པའི་མཚོན་ཚུལ་ཞིག་ཡིན་པས། “རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ལྡན་པ”དེ་གངས་ལྗོངས་ས་མཐོར་མིག་མཐོང་ལག་ཟིན་ ཐུབ་པའི་བདེ་སྐྱིད་ཅིག་ལ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སྡེ་ཁུལ་དུ་དྲ་མིག་ལས་དོན་པས་ཁྲོམ་གཞུང་བརྒྱུད་ཀྱི་ཚོང་ཁང་རེ་རེར་བསྐྱོད་དེ་མེ་ཟོན་སྒྲིག་ཆས་དང་། གློག་ཤུགས་སྐུད་ལམ། བདེ་འཇགས་བགྲོད་ལམ་བཅས་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་གཅིག་ཀྱང་ལྷོད་གཡེང་གཏོང་གི་མེད། “མེ་གསོད་ཡོ་བྱད་མངོན་གསལ་དོད་པའི་གནས་སུ་བཞག་ནས་དུས་བཀག་ལྟར་གནོན་ཤུགས་ཆུ་ཚོད་ལ་ཞིབ་བཤེར་བྱེད་དགོས་པ་བློ་ལ་ངེས་དགོས”ཞེས་ཁོང་ཚོས་ཟིན་ཐོ་འགོད་ཞོར་ཚོང་དུད་ལ་ངང་རྒྱུད་རིང་པོས་བདེ་འཇགས་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་གི་ཡོད། མེ་ཟོན་སྒྲིག་ཆས་ནས་གློག་སྤྱོད་ཚད་ལྡན་བར་དང“གཞན་དབང་གིས་ཁ་གཏད་གཅོག་པ”ནས“རང་འགུལ་གྱིས་དོགས་ཟོན་བྱེད་པའི”བར། སྤྱི་པའི་བདེ་འཇགས་ཀྱི་དོགས་ཟོན་བྱ་ཐབས་ཁག་རེ་རེ་བཞིན་གྲལ་བཤེར་ཞིབ་ཚགས་བྱས་པ་བརྒྱུད་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ཡོད།
མི་སེམས་ལ་གཡུ་འགུལ་ཆེན་པོ་ཐེབས་པའི་གསར་སྐྱེས་སྟོབས་ཤུགས་ཤིག་གིས་ས་ཡོམ་བརྒྱབ་པའི་ས་གཞི་ཆེ་མོར་རེ་བ་སྦྱིན། 2025ལོའི་ཟླ་1ཚེས་7ཉིན་ཇོ་མོ་གླང་མའི་འདབས་སུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། དིང་རི་རྫོང་གྲམ་མཚོ་ཤང་རྩྭ་གྲོང་ཚོའི་བུམ་ཆུང་ལ་ས་ཡོམ་ བརྒྱབ་པའི་ཉིན་གཉིས་པའི་ཞོགས་པར་བུ་ཚེ་ རིང་ལྷག་པ་སྐྱེས། མི་རིང་བའི་གོང་ལོ་གཅིག་ལོན་པའི་ཚེ་རིང་ལྷག་པར་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པར་ལོ་གཅིག་འཁོར་བའི་སྐྱེ་སྐར་བཏང་བ་རེད། བུ་བདེ་ཐང་ངང་འཚར་ལོངས་བྱུང་བ་ནི“མི་དམངས་གོང་དུ་བཀུར་བའི”འདུ་ཤེས་གངས་ལྗོངས་ས་མཐོར་གསོན་ཉམས་དོད་པོས་མཚོན་པ་ཞིག་ཡིན་ལ། གེགས་རྗེས་བསྐྱར་སྐྲུན་དང་དམངས་འཚོ་ལེགས་གཏོང་གི་མཚོན་ཚུལ་ཞིག་ཀྱང་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་འཕར་རྩ་དང་དམངས་འཚོའི་དྲོད་སྐྱིད་གོམ་སྟབས་གཅིག་མཐུན་བྱུང་ཡོད། འབད་འཐབ་འབྲི་སྨྱུག་སུ་བྱེད་པ་དང་བདེ་སྐྱིད་གཞི་གདན་དུ་བྱས་པའི་དུས་རབས་ཀྱི་རྣམ་པ་ཞིག་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་མངོན་བཞིན་མཆིས།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站