ཕུགས་བསམ་རང་ཡུལ་ལུང་པར་བཅངས། ལང་ཚོ་དམངས་ལ་སྐྱེས་སུ་ཕུལ།

发布时间:2025年08月05日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

“ལོ་གསུམ་གཞི་རིམ་ལ་ཞབས་འདེགས་ཞུས་པའི་ཕུགས་བསམ་རང་ཡུལ་ལུང་པར་བཅངས་པ་དང་ལང་ཚོ་དམངས་ལ་སྐྱེས་སུ་ཕུལ་བའི་མྱོང་བ་རྩ་ཆེན་ཞིག་ཡིན་པས། ང་ལ‘རྐང་འོག་ལ་ས་འདམ་ཅི་ཙམ་འགོས་ན་སེམས་ལ་བརྩེ་སེམས་ཟབ་མོ་ངོ་མ་དེ་ཙམ་ཡོད’ཅེས་པར་མྱོང་ཚོར་ཟབ་མོ་བྱུང”ཞེས་བོད་ཀྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་བདེ་སྐྱིད་ཀྱིས་བཤད།

སློབ་ཆེན་མཐར་ཕྱིན་རྗེས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་ནང་ཞུགས་པ་བརྒྱུད། བདེ་སྐྱིད་ལྷ་རི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་བཀོད་སྒྲིག་བྱས་ཏེ་གསར་འགྱུར་ལས་དོན་པར་གྱུར། ལོ་གསུམ་གྱི་རིང་། ཁོང་གིས་བརྙན་པར་སྨྱུ་གུ་དང་རྔུལ་ཆུ་སྣག་ཚ་ལྟ་བུར་བྱས་ནས་དུས་རབས་གསར་པའི་ན་གཞོན་གྱི་རྒྱུགས་ལན་ཡག་པོ་ཞིག་བཏབ་ཡོད། ཁོང་གིས་ལྷ་རི་རྫོང་གི་གྲོང་ཚོ་124ལ་བསྐྱོད་དེ་པར་ཤེལ་སྤྱད་ནས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཟིན་ཐོར་བཀོད་ཅིང་། རིམ་རྩིས་བརྒྱབ་ན། བཅར་འདྲི་དང་རྩོམ་སྒྲིག་བྱས་པའི་གསར་འགྱུར་རྩོམ་ཡིག་500ལྷག་ཙམ་ཟིན་པའི་ནང་གི་མང་པོར་སྤྱི་ཚོགས་ཀྱི་དོ་ཁུར་དང་ཚུར་སྣང་ལན་ཆ་བཟང་པོའང་བྱུང་བ་རེད།

ལས་ཀར་ཞུགས་པའི་ལོ་དང་པོར། བདེ་སྐྱིད་ལ་ཤུགས་རྐྱེན་ཐེབས་ཆེ་ཤོས་ནི་བགྲེས་སོང་ཞིག་དང་ཁོང་གི་རྒྱལ་གཅེས་བྱ་སྤྱོད་དང་ཁྱིམ་ཞེན་རྒྱལ་ཞེན་རེད། བགྲེས་སོང་དེའི་མིང་ལ་རྡོ་རྗེ་ཚེ་འབྱོར་ཟེར་བ་དང་ཁོང་གི་ཁྱིམ་སྨི་ཏི་ཁ་ཤང་དུ་ཡོད་ལ་ཡུལ་དེའི་མང་ཚོགས་ཀྱིས་ཁོང་ལ“རྒྱལ་དར་རྒད་པོ”ཞེས་སྙིང་ཉེ་བའི་ངང་འབོད་ཀྱི་ཡོད། 1993ལོར་ཏང་ནང་ཞུགས་ཚུན། རྡོ་རྗེ་ཚེ་འབྱོར་གྱིས་རང་ཁྱིམ་གྱི་སྒོ་རའི་ནང་རྒྱལ་དར་བསྒྲེང་རྒྱུ་མཐའ་འཁྱོངས་བྱས་པ་མ་ཟད་རང་ཉིད་ཀྱིས་རྒྱལ་དར་འཚེམ་གྱི་ཡོད། ལོ་30ཙམ་གྱི་རིང་། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དེར་བརྟེན་ནས་ཏང་གི་བཀའ་དྲིན་ཚོར་བ་དང་མེས་རྒྱལ་ལ་དགའ་བའི་བརྩེ་སེམས་མཚོན་པར་བྱས་ཡོད། “‘རྒྱལ་དར་རྒད་པོ’རྡོ་རྗེ་ཚེ་འབྱོར་གྱི་གཏམ་རྒྱུད་དེ་ལ་མི་རྣམས་ལ་སེམས་འགུལ་ཐེབས་པ་དང་ཡར་བརྩོན་བྱེད་པར་སྐུལ་ལྕག་ཐེབས་ཡོད”ཅེས་བདེ་སྐྱིད་ཀྱིས་བརྗོད།

ལོ་གསུམ་གྱི་རིང་གྲོང་གསེབ་དར་རྒྱས་གཏོང་བའི་རེ་བའི་ཞིང་ས་ཀུན་ཏུ་བསྐྱོད་པའི་དབང་གིས། བདེ་སྐྱིད་ནི་བདེན་དཔང་བྱེད་མཁན་རེད་ལ་ཟིན་ཐོ་འགོད་མཁན་དང་མཉམ་ཞུགས་བྱེད་མཁན་ཡང་རེད། སྙེའུ་ཤང་དུ་བདེ་སྐྱིད་ཀྱིས་ཕ་ཡུལ་དུ་ལོག་པའི་ལས་གཏོད་ན་གཞོན་དཀོན་མཆོག་ལྷ་མོའི་བྱས་རྗེས་ཟིན་ཐོར་བཀོད་ཅིང་། དེ་ཡང་དཀོན་མཆོག་ལྷ་མོས་གྲོང་ཁྱེར་གྱི་ལས་ཀ་དོར་ཏེ་ཕ་ཡུལ་དུ་ལོག་ནས་རང་སྨྱན་སྦྱོར་ལས་རིགས་གཉེར་ནས་སྙེའུ་ཤང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཚོགས་ཡུལ་ལུང་གཞན་དུ་འཚོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། གཞན་ཡང“འགྱུར་ལྡོག་གླེང་། འཕེལ་རྒྱས་བརྗོད”དང“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད”སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོར་ཧུར་ཐག་ཞུགས་ནས་མི་དེ་བས་མང་བ་གྲོང་གསེབ་དར་རྒྱས་གཏོང་བའི་ལག་ལེན་ཆེན་པོའི་ནང་ཞུགས་རྒྱུར་སྣེ་ཁྲིད་ཀྱང་བྱས་ཡོད། “ངས་དཀོན་མཆོག་ལྷ་མོར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་དོན་སྐོར་དྲིས་པར། ཁོང་གིས་རྒྱང་རིང་གི་གངས་རིར་ལྟ་བཞིན‘ཕ་ཡུལ་ལ་ཉམས་དགའ་བའི་འགྱུར་ལྡོག་བྱུང་བས་གཞོན་ནུ་རྣམས་ཀྱང་རང་བཞིན་གྱིས་ཚུར་ལོག་འདོད་བྱུང་ཡོད’ཅེས་བཤད་བྱུང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ་ཚོའི་བྱ་སྤྱོད་ལས་གྲོང་གསེབ་དར་རྒྱས་ནི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་ཙམ་དུ་མ་ཟད། སེམས་པ་རང་ཡུལ་ལ་འཁོར་བ་ཞིག་དེ་བས་ཀྱང་ཡིན་པ་ངས་གསལ་པོ་ཤེས་བྱུང”ཞེས་བདེ་སྐྱིད་ཀྱིས་བཤད།

ལྷ་རི་རྫོང་གི་འབྲོག་ཁུལ་དུ་བདེ་སྐྱིད་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་སྦྲ་གུར་ནང་འཛུལ་སྐབས། གཞི་རིམ་ལས་བྱེད་པ་ཚོས་འབྲོག་པའི་སེམས་གཏིང་གི་སྐད་ཆར་ནན་ཏན་ངང་ཉན་པ་དང་བསམ་བློ་ཡག་པོ་བཏང་ནས་གྲོང་ཚོ་རེ་རེར་ཡུལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ཇུས་གཞི་བཟོ་ལུགས་མཐོང་བྱུང་། དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་བདེ་སྐྱིད་འབྲོག་པ་དང་མཉམ་དུ་ས་བབ་སྨི་5000ལྷག་ཙམ་ཟིན་པའི་རིར་འཛེགས་ཏེ་ཁོང་ཚོས་སྐྱེ་ཁམས་སྔོག་འཐུ་བརྒྱུད་འབབ་འཕར་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཕན་མངོན་འགྱུར་བྱེད་ལུགས་ཀྱང་ཟིན་ཐོར་བཀོད་པ་རེད།

“མྱོང་བ་འདི་དག་ལས་ང་རང་གཞི་རིམ་ལས་ཀའི་དོན་སྙིང་ལ་རྒྱུས་མངའ་ཟབ་མོ་བྱུང་བ་མ་ཟད། གྲོང་གསེབ་དར་རྒྱས་ནི་འབོད་ཚིག་ཅིག་མིན་པར་མི་མང་པོས་གོམ་སྟབས་ལ་བརྟེན་ནས་ཚད་འཇལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་ཞིག་ཡིན་པ་ཤེས་བྱུང་། ཞབས་ཞུའི་དུས་ཡུན་ཐིམ་པ་ནི་ཡོད་ཚད་འགྲུབ་སོང་བ་ཞིག་མིན་པར་འགོ་ཚུགས་ས་གསར་པ་ཞིག་ཡིན། ངས་ལང་ཚོའི་ཟིལ་ཤུགས་ཆུད་ཟོས་སུ་མི་གཏོང་བ་དང་དཔའ་ངར་ཆེན་པོས་འགན་འཁྲི་ཁུར་ནས། རྒྱང་ལམ་གསར་པར་མི་ཚེའི་ལས་དོན་མུ་མཐུད་བསྒྲུབ་རྒྱུ་ཡིན”ཞེས་བརྗོད་པ་རེད།

རྩོམ་སྒྲིག་པ།དབྱངས་ཅན།

微信

抖音

邮箱

邮箱地址:xzwxbjb@sina.com