ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས།

发布时间:2025年07月23日 文章来源:མི་དམངས་ཉིན་རེའི་ཚགས་པར།

ད་ཐེངས་ཀྱི་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཐད“སྒྱུར་བ་གཉིས”ཀྱི་བརྡར་གཅོད་གལ་ཆེན་གཏན་འཁེལ་བྱས་པ་མ་ཟད། གྲོང་ཁྱེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྤྱིའི་བླང་བྱ་དང་རྩ་དོན་གལ་ཆེན་ཡང་ཁ་གསལ་བཏོན་ཡོད། སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་པར། འགག་རྩ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་སྟངས་འཛིན་གཏིང་ཟབ་དང་དུས་བབ་ཀྱི་འགྱུར་ལྡོག་དང་རང་འགུལ་ངང་འཚམ་པར་བྱས་ཏེ་གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས།

“ནང་རྒྱས་རྣམ་པའི་འཕེལ་རྒྱས”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་གཏོད་གནང་བའི་འདུ་ཤེས་གལ་ཆེན་ཞིག་རེད། “དཔལ་འབྱོར་འཕེལ་རྒྱས་ཕྱི་སྐྱེད་རྣམ་པའི་རྒྱ་སྐྱེད་ནས་ནང་རྒྱས་རྣམ་པའི་འཕེལ་རྒྱས་སུ་སྒྱུར་དགོས”ཞེས་ནན་བཤད་གནང་བ་ནས“ནང་རྒྱས་རྣམ་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་བཅོས་སྐྱོང་གསར་གཏོད་བྱས་ཏེ་མཉེན་ལྡན་རང་བཞིན་གྱི་བདེ་འཇགས་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས”ཞེས་གསུངས་པའི་བར་དང་། “ནང་རྒྱས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད”ཅེས་བཏོན་གནང་ནས་མཐོ་གསར་ཚན་རྩལ་གླིང་ཁུལ་དུ“ལེགས་བསྡུས་ཅན་དང་ནང་རྒྱས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པའི”བླང་བྱ་བཏོན་གནང་བའི་བར“ནང་རྒྱས་རྣམ་པའི་འཕེལ་རྒྱས”ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། གྲོང་ཁྱེར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་བླང་ཕྱོགས་ལ་སྟངས་འཛིན་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས།

གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པར། “བསྒྱུར་བ་ལྔ་དང་དེ་བས་ལྔ”ཡི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཡག་པོ་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་འདུ་ཤེས་བསྒྱུར་ནས་མི་རྩ་བར་འཛིན་རྒྱུར་དེ་བས་གཙིགས་ཆེན་བྱེད་པ་ནི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་ནས་ལེགས་བསྡུས་ཕན་ཆེར་དེ་བས་གཙིགས་ཆེན་བྱེད་པ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩའི་གནས་ཡིན་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ལྡན་འཕེལ་རྒྱས་ལ་དེ་བས་གཙིགས་ཆེན་བྱེད་པ་ནི་གྲོང་ཁྱེར་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བྱེད་ཐབས་ཤིག་ཡིན་པ། གྲོང་ཁྱེར་ལས་དོན་གྱི་གཙོ་གནད་བསྒྱུར་ནས་བཅོས་སྐྱོང་ཐད་མ་དངུལ་གཏོང་རྒྱུར་དེ་བས་གཙིགས་ཆེན་བྱེད་པ་ནི་གྲོང་ཁྱེར་ཚད་གཞི་མཐོ་པོས་གསར་སྒྱུར་དང་། ཆུ་ཚད་མཐོ་པོས་གཉེར་སྐྱོང་། ཕན་ཆེ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པ། གྲོང་ཁྱེར་ལས་དོན་གྱི་བྱེད་ཐབས་བསྒྱུར་ནས་སྤྱི་འདོམས་མཐུན་སྦྱོར་ལ་དེ་བས་གཙིགས་ཆེན་བྱེད་པ་ནི་གྲོང་ཁྱེར་ལས་དོན་གྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་བས་ལེགས་པའི་་མཉམ་ཤུགས་ཆགས་པར་བྱེད་པའི་འགན་སྲུང་ནུས་ལྡན་ཡིན་པ་བཅས་ཤེས་རྟོགས་གཏིང་ཟབ་བྱེད་དགོས། རྩ་དོན་གལ་ཆེན་ལྔ་མཐའ་འཁྱོངས་ཡག་པོ་བྱས་ཚེ། གཞི་ནས་གྲོང་ཁྱེར་ལས་དོན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་གྲོང་ཁྱེར་འཕེལ་རྒྱས་ཐད་ལེགས་ཆ་དང་འབྱུང་འགྱུར་ཐོབ་ཐུབ།  དེའི་ཐད“གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ”དང“གྲོང་ཁྱེར་འཕེལ་རྒྱས་གྱི་སྒུལ་ཤུགས་བསྒྱུར་བ”ཕྱོགས་གཉིས་ནས་དབྱེ་ཞིབ་དང་གོ་བ་ལེན་ཚད་ཟབ་ཏུ་གཏོང་དགོས།

རང་རྒྱལ་གྱིས་འཛམ་གླིང་གི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་བརྒྱུད་པ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་1949ལོའི་10.6%ནས་2024ལོའི་67%བར་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པར་བརྟེན་རང་རྒྱལ་གྱི་གྲོང་ཁྱེར་གྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་དང་གྲོང་ཁྱེར་གྱི་ས་ཁོངས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་གྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་རྙིང་པ་ཆགས་པ་དང་ས་སྟེང་དང་ས་འོག་འཛུགས་སྐྲུན་ཆ་སྙོམས་པོ་མེད་པ་སོགས་ཀྱི་གནད་དོན་ཡང་ཐོན་ཡོད། གཞི་ཁྱོན་ཆེ་བའི་འབོར་གྲངས་རྒྱ་སྐྱེད་དུས་མཚམས་ནས་གསོག་འབོར་དང་སྤུས་འབྲས་ལེགས་གཉེར་གཙོ་བོར་བྱེད་པའི་དུས་མཚམས་སུ་བསྒྱུར་བར། རགས་ལས་ཀྱི་ཕྱིར་སྐྱེད་རྣམ་པའི་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ་དང་རྨོངས་ཚོད་དང་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ནང་རྒྱས་རྣམ་པ་དང་། ལེགས་བསྡུས་ཅན། ལྗང་མདོག་ཅན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་སྐྱོད་དགོས།

ཞུང་ཨན་ཁུལ་གསར་དུ“ས་ཆ་ཚུན་གང་ལས་མེད་ཀྱང་་འཆར་འགོད་གསལ་པོ་བྱས་རྗེས་གཞི་ནས་སྐྲུན་འགོ་འཛུགས་པ”དང་། “ས་སྟེང་དང་། ས་འོག བར་སྣང”བཅས་ཀྱི་གྲོང་ཁྱེར་གསུམ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བར་བརྟེན། “གྲོང་ཁྱེར་གྱི་སྐྱོན་ཆ”མེད་པའི་འབྱུང་འགྱུར་གྲོང་ཁྱེར་ཞིག་བསྐྲུན་ཡོད། ཧྲང་ཧའེ་ཡིས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚགས་དམ་པའི་བར་མཐོངས་སུ་སྤྱི་གླིང་ཆུང་ངུ་བསྐྲུན་ཡོད། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར། འགག་རྩ་ནི་ལེགས་བསྡུས་ཕན་ཆེར་དེ་བས་གཙིགས་ཆེན་བྱས་ཏེ་ཐོན་ཁུངས་ནུས་ཆེའི་ངང་སྤྱོད་ཐུབ་པ་བྱེད་དགོས། གྲོང་ཁྱེར་གྱི་ནུས་པའི་གྲུབ་ཆ་དང་བར་མཐོངས་བཀོད་པ་ལེགས་སུ་གཏོང་བ་དང་། ཐོན་ཁུངས་དང་བར་མཐོངས་ལེགས་བསྡུས་གྲོན་ཆུང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ལྗང་མདོག་དང་། ཐཱན་ཉུང་། རིག་ལྡན་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཚེ་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ།

གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནི་གྲོང་ཁྱེར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཡིན། རང་རྒྱལ་ས་གནས་ཁག་གི་གནས་ཚུལ་ལ་ཁྱད་པར་ཡོད་པ་དང་གྲོང་ཁྱེར་བར་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་ཁམས་ཀྱི་ཁོར་ཡུག འཕེལ་རྒྱས་ཀྱི་ཆུ་ཚད། རྨང་གཞིའི་ཆ་རྐྱེན་སོགས་མི་འདྲ་རུང་། ས་གནས་ལ་ལར“གྲོང་ཁྱེར་ཚང་མ་རྣམ་པ་གཅིག”དང་ཐོན་ལས་འདྲ་མཚུངས་སོགས་ཀྱི་གནད་དོན་ཐོན་ཡོད། གྲོང་ཁྱེར་གྱི་ལས་དོན་ཡག་པོར་བསྒྲུབ་པར་ངེས་པར་དུ་དོན་དངོས་དང་བསྟུན་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བའི་ནང་གནས་བླང་བྱ་སྟངས་འཛིན་གཏིང་ཟབ་བྱེད་པ་དང་ཁྱད་ལྡན་འཕེལ་རྒྱས་ལ་དེ་བས་གཙིགས་ཆེན་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

ཨན་ཧུའེ་ཧོ་ཧྥེ་ཡིས“གཙོ་བོའི་རྒྱུ་རྐྱེན་མཐའ་དག་ལེགས་བསྡུས”བྱས་ནས་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་འགོ་བརྩམ་ས་གཏོད་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད། ཧེ་ལུང་ཅང་ཧར་པིན་དུ་གངས་འཁྱགས་རིག་གནས་དང་གངས་འཁྱགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཕྱི་ཕྱོགས་སྒོ་དབྱེའི་སྦྲེལ་ཐག་གསར་པར་གྱུར་ཡོད། རང་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ཚན་རྩལ་དང་རིག་གནས་ཀྱི་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་རྒྱག་པ་དང་། ལྟེ་བའི་འགྲན་རྩོད་ནུས་པ་གཏོད་པ། ཐབས་སྒྱུར་གོང་འཕེལ་མངོན་འགྱུར། འདྲ་མཚུངས་ཅན་གྱི་འགྲན་རྩོད་མི་བྱེད་པ་བཅས་བྱས་ཚེ། གཞི་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་འགྲོ་ཐུབ་པ་མ་ཟད། འགྲན་རྩོད་ཀྱི་ལེགས་ཆའང་གཏོད་ཐུབ།

“བསྒྱུར་བ་ལྔ་དང་དེ་བས་ལྔ”ནི་གྲོང་ཁྱེར་ལས་དོན་ཡག་པོ་སྒྲུབ་པའི་རྩོད་སྒྲུབ་རིག་པ་ཞིག་ཡིན་པ་དེ་ལས་རང་རེའི་ཏང་གིས་གྲོང་ཁྱེར་འཕེལ་རྒྱས་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་ཕྱིན་པ་མངོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱས་ནས། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་གཙོ་རྐང་དུ་བྱེད་པ་དང་། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་གནས་རྒྱུན་འཛིན། བཅོས་སྐྱོང་ཕན་ཆེ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཚེ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ།

                                                    རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com