སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ནི་བརྩེ་དུང་ལྷག་པར་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། མི་སེམས་དྲོ་བ། འབུད་འབུངས་ཡར་སྐུལ་བཅས་ཀྱི་འཕྲིན་ལན་ཞིག་ཡིན་ཞིང་། དེའི་ནང་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་དགའ་ཞེན་གནང་བའི་བརྩེ་དུང་ཟབ་མོ་འདུས་པ་དང་། བོད་ཀྱིས“དོན་ཆེན་བཞིར”སྐུལ་འདེད་གཏོང་བར་ཐུགས་རེ་ཟབ་མོ་གནང་ལུགས་མཚོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་ལུགས་གང་ལེགས་མཚོན་ཡོད། དེས་གངས་ལྗོངས་ཀྱི་བུ་ཕྲུག་ཚོར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་རྒྱུར་སྐུལ་མ་ཐེབས་ངེས་རེད།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང“ལོ་ལྔ་ཚན་གྱི་འཆར་འགོད”གཉིས་རྩིས་སྤྲོད་རྩིས་ལེན་གྱི་འགག་རྩའི་དུས་སྐབས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མང་ཚོགས་ལ་འཕྲིན་ལན་སྤྲིངས་གནང་བ་ནི་གོ་སྐབས་ཆེས་འགག་རྩ་དང་ཐུགས་ཁུར་དམིགས་བསལ་ཟབ་མོ་ཞིག་རེད། དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཀྱང་རེད། འཕྲིན་ཡིག་འབྱོར་མཁན་གཅིག་པ་ཡིན་ན་རྒྱུགས་ལན་འབུལ་མཁན་གཅིག་པ་བྱེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་ཚོར་བ་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས་། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འོད་སྟོང་འཕྲོ་བའི་དགོངས་པ་དང་། ཐུགས་ཁུར་ཟབ་བཞེས་གནང་བ། མངགས་བཅོལ་ནན་པོ་གནང་བ་བཅས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཞིབ་ཕྲའི་ལག་ལེན་ཁྲོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བའི་བྱ་སྤྱོད་དངོས་ཀྱི་ཁྲོད་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་དེས་ང་ཚོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཀ་ལ་གྲོང་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་ཡུལ་མི་རྣམས་ཀྱིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་བཀའ་དྲིན་དྲན་པ་དང་མངགས་བཅོལ་ནན་པོ་གནང་བ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་དུ། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ་དང་། བརྟན་ལྷིང་དང། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་ཞིག་རེད། དེས་དམིགས་ཚད་དང་ཁ་ཕྱོགས་གསལ་པོར་བསྟན་ཡོད་ལ་ཐབས་ཤེས་སློབ་ཁྲིད་དང་སེམས་ཤུགས་གཅིག་སྒྲིལ་ཡང་བྱས་པས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་ཐུབ་ངེས་རེད།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་དེས་ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལེགས་པར་བསྒྲུབ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་འགོད་པར་འཐབ་ཇུས་ཀྱི་མཛུབ་ཁྲིད་ཀྱང་བྱས་ཡོད། “སྤྱི་ཡོངས་གཉིས”མཉམ་འདྲེས་དང་། “ལོ་བརྒྱ་གཉིས”མཉམ་སྡུད། “ལོ་ལྔ་གཉིས”མཉམ་མཐུད་བཅས་ཀྱི་ལོ་རྒྱུས་ཀྱི་ལམ་མདོ་ཁར་སླེབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་དང་འགྲན་སློང་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་དེ་ལས་དམིགས་ཚད་ཀྱི་ཕྱོགས་སྟོན་གསལ་པོར་མཚོན་ཞིང་། ལྷག་པར་དུ་དམིགས་སུ་བཏོན་པའི་མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། མཐའ་མཚམས་འཛུགས་སྐྲུན་སོགས་ལ་ཁ་ཕྱོགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་དེ། དམིགས་ས་ཚང་མ་ནི་བོད་ཀྱི་ལས་ཀའི་གཙོ་གནད་དང་དཀའ་གནད་ཡིན་ལ་བསྡིགས་ས་ཚང་མ་བོད་འཕེལ་རྒྱས་ཀྱི་འགག་རྩ་ཤ་སྟག་ཡིན་པས། དེས་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་དེས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཚོ་བ་སྔར་ལས་ཡག་པ་སྐྱེལ་བ་དང་། ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན། མེས་རྒྱལ་གྱི་མཐའ་མཚམས་ལ་སྔར་ལས་སྲུང་སྐྱོང་བརྟན་པོ་བྱེད་དགོས་པ་བཅས་ཀྱི་སྐུལ་ལྕག་གནང་ཡོད། དེས་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ཚུལ་གསོན་ཉམས་དོད་པོས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། དེ་ནི་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་མཛུབ་ཁྲིད་གནད་འཁེལ་བྱས་པ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ནང་ནས་དྲིན་ཚོར་འབད་འབུངས་ཀྱི་བསམ་པའི་སྟོབས་ཤུགས་དང་། འགན་འཁུར་བྱས་འཇོག་གི་ལག་ལེན་གྱི་སྟོབས་ཤུགས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་ཀྱི་སྟོབས་ཤུགས་བཅས་བསྡུ་ལེན་བྱས་ཏེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། བློ་གཅིག་སེམས་མཐུན་དང་དཀའ་སྤྱད་ལས་སྒྲུབ་ཀྱི་ལས་ཀའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང་ལྷག་བསམ་རྣམ་དག་གིས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ནན་པོ་དེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ལམ་བཤངས་གསར་གཏོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོར་སྒྱུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དར་ཆ་དང་ཁ་ཕྱོགས་སུ་བརྩི་བ། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ཁ་གསལ་མཛུབ་སྟོན་དང་བརྩི་སྲུང་ཞུ་སར་བརྩིས་ཏེ། དེ་བས་འགྱུར་མེད་ཀྱི་ཡིད་ཆེས་དང་། དེ་བས་མཐུན་སྒྲིལ་གྱི་སྟོབས་ཤུགས། དེ་བས་སྲ་བརྟན་གྱི་གོམ་སྟབས། དེ་བས་ཕུལ་བྱུང་གི་གྲུབ་འབྲས་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཚོ་ལས་ཟབ་པའི་བརྩེ་བ་དང་བྲག་ལས་བརྟན་པའི་ཐུགས་འདུན་གྱི་དྲིན་ལན་འཇལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站