2025ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་གྱི་ཡོད།
བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བཅས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་དང་། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་སྔ་རྗེས་སུ་འཚོགས་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་འཆར་འགོད་ལག་བསྟར་བྱས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བོད་འཕེལ་རྒྱས་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ནས་རྒྱལ་ཁབ་ཀྱི་ལྷོ་ནུབ་མཐའ་མཚམས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། 2023ལོའི་ཟླ་4པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱས་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད།
བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག》སོགས་སྲིད་ཇུས་དང་ཁྲིམས་སྲོལ་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཏེ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་ལེན་གཏིང་ཟབ་བསྟར་ནས་སྤྱི་ཚོགས་བརྟན་ལྷིང་ལ་འགན་ལེན་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁྲིམས་ལྟར་སྲུང་སྐྱོང་ནན་པོ་བྱས་ནས“སའི་གོ་ལའི་གླིང་སྣེ་གསུམ་པ”བརྟན་པོ་ཡོང་བར་བྱེད་པ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་གསར་པ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད།
དེང་གི་བོད་ལྗོངས་སུ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད། 2024ལོར་མི་འབོར་ཁྲི་360ལྷག་ཙམ་ཟིན་པའི་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2764.94ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་ནས་ནད་རིགས་བཞི་ལ་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱེད་པ་སོགས་ཀྱི་དམངས་འཚོའི་བྱ་བ་དངོས་ཁག་21ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ། ཁྱོན་བསྡོམས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3618ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བསྡོམས་ཁྲི་97ཡོད་པ་དེས་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་25%ལྷག་ཙམ་ཟིན་པ། སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་763.22ཟིན་ནས་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་བསྐྲུན་ཟིན་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས། ང་ཚོས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ།ཀླུ་མོ།
中央部门网站
自治区部门网站
地(市)委部门网站
相关新闻网站