ལེ་ཚན་བཏོད་པའི་གཏམ།
2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ལོ་ངོ་60ཡི་རིང་དང་ལྷག་པར་དུ་ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་ཡར་བརྩོན་བྱས་ཏེ། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ད་ཆ་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་སྟེ་གང་སར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་བཞིན་ཡོད།
འོད་སྟོང་འཕྲོ་བའི་ལོ་ངོ་60ལ་ཕྱིར་དྲན་བྱེད་སྐབས། རྒྱུགས་ལན་གསར་པ་འབུལ་བར་སྐུལ་ལྕག་གཏོང་བཞིན་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་ལག་ལེན་དྲིལ་བསྒྲགས་གཏིང་ཟབ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་། བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ཕྱོགས་ཡོངས་ཀྱི་ཡར་རྒྱས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བའི་གསོན་ཉམས་དོད་པའི་རྣམ་པ་གཅིག་སྡུད་མངོན་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ནུས་པ་གལ་ཆེན་དྲིལ་བསྒྲགས་དང་ངོ་སྤྲོད། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་རང་ལྗོངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་པ་བཅས་བྱ་ཆེད། འདི་ག་ཚགས་པར་དུ་དེ་རིང་ནས་བཟུང“རབ་བྱུང་གཅིག་གི་འཕོ་འགྱུར། དུས་རབས་ཀྱི་མེ་ལོང—བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་ཆེད་སྒྲིག་ལེ་ཚན་འདོན་རྒྱུ་ཡིན། རྩོམ་ཡིག་དང་པོར་ནང་གསེས་ལེ་ཚན“མཐོང་ཐུབ་པའི་འགྱུར་ལྡོག”ཅེས་པ་འགོད་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ལྷོ་ནུབ་ཀྱི་མྱང་ཆུའི་སྟོད་རྒྱུད་ལུང་ཤུར་གྱི་དབེན་པའི་གནས་སུ“ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ”སྟེ་གླང་པ་གྲོང་ཚོ་ཆགས་ཡོད།གླང་པ་ཞེས་པ་ནི་གྲོང་ཚོའི་མདུན་དུ་གླང་ཆེན་གྱི་གཟུགས་དང་འདྲ་བའི་རི་བོ་ཞིག་ཆགས་ཡོད་པ་ལས། གྲོང་ཚོའི་མིང་དེ་ལྟར་ཐོགས།གླང་པ་གྲོང་ཚོའི་ལོ་རྒྱུས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་བར་ཁུངས་འདེད་ཆོག་ཅིང་། དེ་ནི་ད་ཆའི་གླང་མཐོང་གཞིས་ཀའི་གནས་ཡུལ་ལྟེ་བར་བྱས་ནས་དེའི་མཐའ་འཁོར་དུ་ཆགས་ཡོད།གླང་པ་གྲོང་ཚོའི་ནང་དུ་འཆམ་འཆམ་ལ་འགྲོ་སྐབས། རྒྱ་ཆེ་བའི་གླང་མཐོང་གཞིས་ཀ་དང་མཐོ་དམན་མི་གཅིག་པའི་བོད་ཁང་གསར་པ་དག་གིས་གནའ་དེང་གི་ལོ་རྒྱུས་དམ་པོར་འབྲེལ་ཡོད།ཁང་པ་གསར་རྙིང་གཉིས་ལས་ལོ་ཟླའི་རྗེས་ཤུལ་མཐོང་ཐུབ་ལ། དུས་རབས་ཀྱི་འཕོ་འགྱུར་ལ་དཔང་པོའང་བྱེད་ཐུབ།
“ལོ་60ཡི་རིང་། ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”“ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གླང་པ་གྲོང་ཚོའི་བྱ་གཞག་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་འཕེལ་རྒྱས་ཧ་ཅང་མྱུར་པོ་ཕྱིན་ཡོད། དེའི་ཁྲོད་ནས་མངོན་གསལ་དོད་ཤོས་ནི་སྡོད་ཁང་གི་འགྱུར་ལྡོག་རེད”ཅེས་དེ་སྔའི་གླང་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་བཤད།
ཉི་མ་ཚེ་རིང་ནི་1965ལོར་སྐྱེས་པ་དང་ཁོང་གི་དྲན་ཤེས་སུ་རང་ཉིད་ཧ་ཉིད་སད་པ་ནས་བཟུང་གླང་མཐོང་གཞིས་ཀ་ནི་གྲོང་ཚོ་ཡོངས་ནས་ཁང་པ་རྫིག་ཤོས་དང་མཐོ་ཤོས་དེ་རེད།
མིང་རྒྱལ་རབས་དུས་སུ་སྐྲུན་འགོ་ཚུགས་པའི་གཞིས་ཀ་དེར་ཐོག་སོ་6དང་ཁང་མིག་108ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4900ཙམ་ཡོད་ཅིང་། ད་ལྟའང་རང་ལྗོངས་ནས་ཉར་ཚགས་ཅུང་ཆ་ཚང་བའི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀའི་གྲས་ཤིག་ཡིན་པས། རྒན་རབས་ཚོའི་ཁ་རྒྱུན་དུ“གམ་པ་ལ་མོ་བརྒྱབ་རྗེས། གླང་མཐོང་གཞིས་ཀ་འདྲ་བའི། རྡོ་ཁང་གྲུ་བཞི་དེ་འདྲ། ཡེ་ནས་མཐོང་རྒྱུ་མི་འདུག”ཅེས་བརྗོད་ཀྱི་ཡོད།
གསར་འགོད་པས་གསལ་འགྲེལ་བ་ལྷག་པ་དོན་གྲུབ་ཀྱི་འགྲེལ་བཤད་ཉན་རྗེས། 2015ལོར་ཕྱོགས་ཡོངས་ནས་ཉམས་བཟོ་བྱས་པའི་གཞིས་ཀ་དེར་ལྟ་སྐོར་ལ་ཕྱིན་པ་ཡིན། གཟན་ཁང་དང་། ཞིང་བྲན་གྱི་འཐག་ཁང་། མཛོད་ཁང་། གཞིས་ཀའི་བདག་པོའི་ཉལ་ཁང་། དོན་གྲོས་ཚོམས་ཆེན། གསོལ་སྟོན་ཁང་སོགས་ཁང་མིག་108ཡོད་པ་དེ་དག་གི་སྤྱོད་སྒོ་ཁ་གསལ་ཞིང་དབྱེ་བ་ཞིབ་ཕྲ་ལ། ཐ་ན་ཤིང་ཏོག་སྐམ་པོའང་སིལ་བླུག་དང་ཐུམ་སྒྲིམ་བརྒྱབ་ཡོད་མེད་དབྱེ་ནས་ཁང་པ་གཉིས་ནང་བཞག་འདུག འོན་ཀྱང་གཞིས་ཀ་ཡོངས་སུ་ཞིང་བྲན་སྡོད་སའི་ཁང་མིག་གཅིག་ཀྱང་མི་འདུག དེ་ལས་བོད་རྙིང་པའི་སྐུ་དྲག་གི་འཚོ་བ་ནི་རྒྱས་སྤྲོས་ཆེན་པོ་ཡིན་པ་དང་ཞིང་བྲན་གྱི་འཚོ་བ་ནི་སྐྱོ་པོ་ཡིན་པའི་མྱོང་ཚོར་ཟབ་མོ་ཡོང་གི་འདུག
1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གླང་པར་མི་དམངས་ཀུང་ཧྲི་བཙུགས། སྐབས་དེ་དུས་གྲོང་ཚོའི་ནང་གི་ཁང་པ་ཚང་མ་ས་རྡོ་ལས་གྲུབ་པ་ཤ་སྟག་ཡིན་པ་དང་མང་ཆེ་བར་ཐོག་སོ་གཉིས་ལས་མེད་ཅིང་། སྟེང་དུ་མི་སྡོད་པ་དང་ཤོད་དུ་ཕྱུགས་རིགས་འཇུག་གི་ཡོད། ཕྱི་ནས་ལྟ་སྐབས་གྱང་འདྲོང་པོ་མེད་པའི་ཁར་མཐོ་དམའ་ཡང་གཅིག་མཚུངས་མིན་པ་དང་། ནང་ལ་འཛུལ་ནས་ལྟ་སྐབས་ཁང་པར་སྒེའུ་ཁུང་མེད་ལ་གུ་དོག་པོ་ཡོད།
1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། བོད་ལ་རྒྱལ་ཡོངས་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་པ་རེད། མདུན་ནས་མདུན་དུ་བཞུར་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གླང་པ་གྲོང་ཚོའི་ཡུལ་མི་ཚོས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་བརྩོན་བྱས།
“ཡུལ་མི་ཚོས་ལས་ཀར་ཞུགས་པ་དང་ཕྱིར་གླ་པར་སྐྱོད་པ་སོགས་བྱས་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་བཏང་སྟེ། སྡོད་ཁང་གསར་པ་བསྐྲུན་པའམ་ཡང་ན་རྙིང་པར་བཟོ་བཅོས་རྒྱག་འགོ་བཙུགས་ཡོད”ཅེས་ཉི་མ་ཚེ་རིང་གིས་ཕྱིར་དྲན་བྱེད་བཞིན་བཤད། 1991ལོར་ཡུལ་མི་ཕུན་ཚོགས་ཀྱིས་ཁང་པ་རྙིང་པར་གཞི་ཁྱོན་ཆེན་པོས་བཟོ་བཅོས་ཐེངས་དང་པོ་བརྒྱབ་པར། ཡུལ་མི་ཚང་མ་བལྟ་རུབ་རྒྱག་པར་ཡོང་། ཁོང་གིས“ཁང་པ་གསར་པར་གྲོ་མོའི་ཤིང་ཆ་སྤྱད་པ་ཡིན། གྱང་ངོས་བཀྲག་མདངས་ཆེ་ལ་བརྐོས་དཀྲོལ་སྤུས་ཀ་དག་པོ་བྱས་ཡོད། ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་400ལྷག་ཙམ་ཟིན་གྱི་ཡོད”ཅེས་བཤད།
2006ལོ་ནས་བཟུང་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། གླང་པ་གྲོང་ཚོའི་ཡུལ་མི་རྣམས་སྔོན་ཆད་ཀྱི་ཐོག་དཔངས་དམའ་ལ་མུན་པ་ནག་པའི་ས་ཕག་ཁང་པ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ཁང་གསར་པར་སྤོ་རྒྱུ་བྱུང་ནས“ཁང་པ་གསར་པར་སྡོད་པའི་ཕུགས་འདུན”མངོན་འགྱུར་བྱུང་ཡོད།
“སྲིད་གཞུང་གིས་ང་ཚོའི་ཁྱིམ་ལ་ཁ་གསབ་སྒོར་ཁྲི་1.5སྤྲད་པའི་སྟེང་ལ་རང་ཉིད་ཀྱིས་ད་དུང་སྒོར་ཁྲི་1ཡས་མས་ཁ་སྣོན་བརྒྱབ་ནས་ད་ལྟའི་ཁང་པ་འདིའི་རྨང་གཞི་བཏིང་པ་ཡིན། དེའི་རྗེས་སུ་ཨར་འདམ་ལྕགས་རྩིབས་མའི་ཁང་པ་ཉིས་ཐོག་ཅིག་བརྒྱབ་པས། མི་ཕྱུགས་ལོགས་དབྱེ་བྱུང་བ་མ་ཟད། ཐ་ན་བ་ཚང་ལའང་སྒེའུ་ཁུང་བསྒར་ཡོད”ཅེས་ཉི་མ་ཚེ་རིང་གིས་རང་ཁྱིམ་ལ་མཛུབ་མོ་འཛུགས་ཀྱིན་དེ་ལྟར་བཤད།
དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མི་རྣམས་ཀྱིས་གནའ་བོའི་སྐྲུན་དངོས་སོགས་རིག་དངོས་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་རིམ་བཞིན་ཤེས་པ་མ་ཟད། གླང་མཐོང་གཞིས་ཀར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེགས་ཆ་དང་མདུན་ལམ་ཡང་མཐོང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་བྱས་པར་བརྟེན། གླང་མཐོང་གཞིས་ཀ་ཁྱོན་ཡོངས་ནས་ཉམས་གསོ་བྱས་པ་མ་ཟད། ད་དུང་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་ནང་བཅུག་པ་དང་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བདམས་པ་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན་པས་གླང་པ་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
“ཁང་དམར་རྫོང་གིས‘ལྟེ་བ་གཅིག་དང་ཁུལ་གཉིས’ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་བཏོད་ཅིང་། གླང་མཐོང་གཞིས་ཀའི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་ཁུལ་ཆེན་པོ་གཉིས་ཀྱི་གྲས་ཤིག་རེད”ཁང་དམར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་གླང་པ་གྲོང་ཚོ་འདི་ཉིད་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་ཁག་ལྔ་པར་བདེ་བླག་ངང་བདམས་ཚུན་དུ་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་འབོར་ཆེན་བཏང་ནས་གླང་མཐོང་གཞིས་ཀར་བཟོ་བཅོས་བརྒྱབ་པ་དང་། གླང་པ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་འཛུགས་སྐྲུན་རྣམ་པར་སྒྱུར་བཀོད་སོགས་བྱས་ནས་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ལྟེ་གནས་དང་། གླིང་ཁ། འཁོར་ཁྲིད་ཡུལ་སྐོར་སྒར་ས་བཅས་བསྐྲུན་པ་དང་། རིག་དངོས་སྲུང་སྐྱོང་ལས་དོན་པ་དང་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་བཀོད་སྒྲིག་བྱས་པ། ཁྱད་ལྡན་དམངས་སྲོལ་གནས་ཚང་ལ་སྒྱུར་བཀོད་བྱས་ནས་མཛེས་ལྗོངས་ཁུལ་ཡོངས་ཀྱི་ཡུལ་མིའི་སྡོད་ཁང་གི་རྣམ་པ་དང་། ཡུལ་སྐོར་གྱི་ལྷན་སྦྱར་སྒྲིག་བཀོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ལེགས་སུ་ནུས་ལྡན་བཏང་བ་རེད།
ཉེ་བའི་ལོ་ཤས་རིང་། གླང་པ་གྲོང་ཚོའི་མིང་གྲགས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཏེ་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཞིང་། 2024ལོར་མཛེས་ལྗོངས་ཁུལ་གྱི་སྤ་སེའི་ཡོང་འབབ་སྒོར་ཁྲི་8ཡས་མས་ཟིན་པ་དང་། དམངས་སྲོལ་གནས་ཚང་གི་གཉེར་སྐྱོང་དུད་ཚང་ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་འཕར་བ། རྡོ་ཁོག་བྱ་ཤ་སོགས་སྐད་གྲགས་ཆེ་བའི་ཞིམ་ཟས་ལ་ཡོང་འབབ་སྒོར་ཁྲི་2ཙམ་བྱུང་ཡོད། 2023ལོ་ནས་2025ལོ་བར་གླང་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་སྒོར་ཁྲི་193བགོ་འགྲེམས་བརྒྱབ་ཡོད།
དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད།སྔོན་ཆད། གཞིས་ཀའི་ཐོག་ཁ་ནས་བལྟས་ཚེ་གང་སར་ཐོག་དཔངས་དམའ་བའི་ཁང་པ་ཤ་སྟག་ཡིན།ད་ཆ། གྲོང་ཚོའི་སྲང་ལམ་དུ་བསྐྱོད་ཚེ་གང་སར་རི་མོ་ལྟར་མཛེས་པའི་ཡུལ་ལྗོངས་འབའ་ཞིག་ཡིན།
རྩོམ་སྒྲིག་པ། ལྷག་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站