ད་ལོའི་ཟླ་བ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་24པ་ཡིན་པ་དང་བརྗོད་དོན་གཙོ་བོ་ནི“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་འཕྲལ་སྡོམ་ཤེས་པ་བྱས་ཏེ་ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་དགོས”ཞེས་པ་དེ་ཡིན། ལྗོངས་ཡོངས་སུ“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་བ་དང་བསྟུན་ནས། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། མངོན་མེད་རྐྱེན་ངན་དབྱེ་འབྱེད་ཀྱི་ཚན་རྩལ་ཁྱབ་གདལ། མངོན་མེད་རྐྱེན་ངན་སེལ་བའི་ནང་སྦྱོང་སོགས་ཀྱི་ཆེད་དོན་བྱ་སྤྱོད་དང་དེ་བཞིན་བདེ་འཇགས་དྲིལ་བསྒྲགས་ཀྱི“ལྔ་སྤེལ”བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་བྱེད་ཐབས་དམ་ནན་དུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་རིག་གནས་རྒྱུན་མཐུད་སྐྱེད་སྲིང་དང་བདེ་འཇགས་ཐོན་སྐྱེད་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་སྐོར་ལ་བཏོན་གནང་བའི་བླང་བྱ་དང་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་བླང་བྱ་འགོ་ནས་མཇུག་བར་ཁྱབ་པར་བྱས་ཡོད།
བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལས། བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་རང་བཞིན་གཏིང་ཟབ་མངོན་པ་དང་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་རིན་ཐང་འདུ་ཤེས་གང་ལེགས་མངོན་ཡོད། དེ་ནི་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་དང་བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་རྩ་བའི་གཞི་འཛིན་ས་རེད།
བདེ་འཇགས་ལ་དམ་འཛིན་བྱ་རྒྱུ་ནི་འབོད་ཚིག་ཙམ་ཞིག་མིན་པར། ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་རེད། བདེ་འཇགས་ཐོན་སྐྱེད་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བྱ་བ་དང་། རིམ་ཁག་ལྟ་འདོམས་སྡེ་ཚན་གྱི་བྱ་བ། ལས་རིགས་ཁག་དང་སྡེ་ཚན་ཁག་གི་བྱ་བ་བཅས་ཡིན་པ་མ་ཟད། ཁེ་ལས་དང་བྱ་གཞག་ཚན་པའི་བྱ་བ་ཞིག་དེ་བས་རེད། ཕྱོགས་ཚང་མས་གཡོལ་ཐབས་མེད་པའི་འགན་འཁྲི་ཡོད་ལ། ཕྱོགས་ཁག་གིས་ངེས་པར་དུ་འགན་འཁྲི་ནན་ཏུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་བརྟན་པོར་བསྲུངས་ཏེ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པར་བརྟེན་ནས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་མཐའ་འཁྱོངས་ནན་ཏན་དང་རིམ་གྱིས་མཛུབ་ཁྲིད་དང་འགན་འཁྲི་ནན་དུ་བཏང་སྟེ“ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་པའི”ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་བླང་བྱ་འདོན་དགོས། རིམ་ཁག་ལྟ་འདོམས་སྡེ་ཚན་དང་ལས་རིགས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་ལྟ་འདོམས་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་གྲལ་བཤེར་ནན་པོ་བཅས་བྱས་ཏེ་ཁུག་ཆ་དང་སྟོང་ཆ་མི་ལུས་པ་བྱེད་དགོས། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་འཁུར་ཡོད་པས། ངེས་པར་དུ་བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་ཚང་མས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ནན་ལ་ཏན་ཏིག་དང་ཞིབ་ཚགས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་དགོས། འགན་འཁྲིའི་གསལ་ཐོ་གསལ་པོ་དང་ནུས་ལྡན་བྱུང་ཚེ། གཞི་ནས་བདེ་འཇགས་ཞིབ་ཕྲའི་ཁྲོད་དོན་འཁྱོལ་དང་ཕན་འབྲས་ལས་མངོན་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་གཞི་ནས་འགན་སྲུང་བྱེད་ཐུབ།
བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་བརྟན་པོར་སྲུང་བ་དེ“བདེ་འཇགས་ཐོན་སྐྱེད་ཟླ་བ”ཙམ་དུ་མ་ཟད། བདེ་འཇགས་འདུ་ཤེས་ཀྱི་རྒྱུན་ལྡན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་ཤེས་པ་བྱས་ཏེ་ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་བཤེར”ནི་ད་ཐེངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བརྗོད་དོན་གཙོ་བོ་ཡིན་པ་མ་ཟད། མང་ཚོགས་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་མི་དམངས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་ཕུགས་ཀྱི་དམིགས་ཚད་ཅིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་འཇགས་ཀྱི་ཤེས་བྱ་ཤེས་རྟོགས་དང་གོ་བ་ལོན་ཚད་ཟབ་ཏུ་གཏོང་བ་དང་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་བཏང་ནས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་མི་ཚང་མའི་སེམས་ལ་ཟུག་པར་བྱེད་དགོས།
ང་ཚོས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཀྱི་འགན་འཁྲིའི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་དང་། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་ཤེས་པའི”སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་བ། བདེ་འཇགས་ལ་སྣང་ཆེན་བྱེད་པའི་དམངས་ཡོངས་ཀྱི་འདུ་ཤེས་མུ་མཐུད་དུ་ཟབ་ཏུ་གཏོང་བ་དང་འཕྲལ་སྡོམ་ཤེས་པའི་དམངས་ཡོངས་ཀྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་འཇགས་བརྟན་ལྷིང་དང་དུས་བདེ་འཆམ་མཐུན་གྱི་ཁོར་ཡུག་ལ་བརྟེན་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།
རྩོམ་སྒྲིག་པ་ ལྷག་སྒྲོན་
中央部门网站
自治区部门网站
地(市)委部门网站
相关新闻网站