ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་བ་བྱུང་བ་དང་བསྟུན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཆེན་པོའི་མདུན་དུ་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་། མིའི་ཕྱོགས་ཡོངས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་མདུན་སྐྱོད་བྱེད་པ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ནུས་ཤུགས་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་མཛད་རྗེས་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཡུལ་གྱི་ངོ་མཚར་ཞིག་བཏོད་ཡོད། གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར་གཅིག་ཙམ་དབུལ་སྒྲོལ་ཐུབ་པ་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་ཐོག་ནས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་ཡོང་བའི་ལམ་བུའི་ཐོག་གོམ་པ་བརྟན་པོ་སྤོས་པ་མཚོན་ཡོད། འོན་ཀྱང་དབུལ་སྒྲོལ་བྱུང་བ་དང་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཙམ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་ཞིག་ཡིན། འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་ཡར་རྒྱས་དང་མི་དམངས་ཚང་མ་ཐུན་མོང་འབྱོར་ཕྱུག་ཡོང་བ་བཅས་བྱེད་པར་ད་དུང་འབད་བརྩོན་དེ་བས་མང་བ་བྱེད་དགོས།
དུས་རབས་གསར་པར་སླེབས་རྗེས“མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱེད་པའི”ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་མི་དམངས་ཀྱིས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལ་རེ་སྒུག་གསར་པ་ཡོད་པ་དང་། དམངས་གཙོ་ཁྲིམས་སྐྱོང་དང་། དྲང་གཞག་དྲང་བདེན། བདེ་འཇགས་ཁོར་ཡུག་སོགས་ལ་རེ་འདུན་གསར་པ་ཡོད་ཅིང་། མི་དམངས་ཀྱིས་དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། ཆུ་ཚད་དེ་བས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག དེ་བས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་སོགས་ལ་རེ་སྒུག་བྱེད་བཞིན་ཡོད། མི་དམངས་ཀྱི་རེ་འདུན་དེ་དག་སྒྲུབ་དགོས་ན། ང་ཚོས་ཚད་མཐོའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་དམངས་ཕན་གྱི་བྱ་བ་དངོས་སྒྲུབ་དགོས་པ་དང་། མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་ཕན་འདུ་འགོད་ལ་སྐུལ་འདེད་བཏང་སྟེ། དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་དགོས། མི་དམངས་ཀྱི་བདེ་ཐང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཕྲོད་བསྟེན་བདེ་ཐང་གི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་གང་མགྱོགས་མཐོ་རུ་བཏང་ཐོག བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱས་ཏེ་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་རིག་གནས་ཐད་ཀྱི་མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ཏེ། རིག་གནས་གསར་གཏོད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་བཟང་པོའི་ཐད་ཀྱི་དགོས་མཁོ་སྐོང་རྒྱུར་དམིགས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་བ། ས་གཞི་དེ་བས་རྡུལ་དག་པ་བཅས་ཡོང་བར་བྱེད་དགོས།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལང་ཚོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས། 2025ལོར་ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་ལ།“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཀྱང་བྱ་རྒྱུ་ཡིན། ཉེན་ཁ་དང་འགྲན་སློང་དང་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་དུས་བབ་འོག་མདུན་སྐྱོད་ཀྱི་ལམ་བུར་རླུང་ཞི་རླབས་འཇགས་ཡོང་མི་སྲིད་མོད། འོན་ཀྱང་ང་ཚོ་ཚང་མས་ཡིད་ཆེས་ཆེར་སྐྱེད་ཀྱིས་དྲག་ཆར་རླུང་འཚུབ་ཁྲོད་དུ་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། གཟི་བརྗིད་ཚོར་སེམས་བཅས་ཀྱི་ཐོག་ནས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་བཏོད་དེ། མི་ཚང་མའི་ངོ་གདོང་ནས་སྔར་ལས་ལྷག་པའི་འཛུམ་མདངས་འཕྱུར་བ་དང་སེམས་པ་དྲོ་སོབ་སོབ་ཡོང་བ་བྱེད་དགོས།
རྩོམ་སྒྲིག་པ་ པ་སངས་སྒྲོལ་དཀར་
中央部门网站
自治区部门网站
地(市)委部门网站
相关新闻网站