ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བའི་མཚམས་འདིར་ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་74འཁོར་བའི་ལོ་བསུས་ཡོད།
ལོ་74གོང་གི་དེ་རིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཁྱབ་བསྒྲགས་བྱས། དུས་དེ་ནས་བཟུང་བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་ཀྱི་འཆིང་རྒྱ་ལས་རྦད་དེ་ཐར་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཕྱེ་ཡོད།
མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། ལོ་74ཡི་རིང་། བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་པ་དང་། བོད་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་གནང་བ། དུས་སྐབས་གལ་ཆེན་དང་འགག་རྩའི་མཚམས་ཚིགས་སླེབས་རིམ་བཞིན་བོད་ལ་ཁ་ཕྱོགས་གཏན་འཁེལ་དང་ལམ་སྟོན་སྣེ་ཁྲིད་གནང་བས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཐེབས་ཡོད། དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་པ་ལ་སོགས་པའི་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་རེ་རེ་ལས་དེང་གི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་། ཁོར་ཡུག་མཛེས་པ། མཐའ་སྲུང་སྲ་བརྟན་བཅས་ཀྱི་མཛེས་སྡུག་ལྡན་པའི་དཔེ་རིས་གྲུབ་ནས། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།
འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་གཟིགས་སྐྱོང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར(ཚན་པ)གྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད།
ཏང་གི་མི་རིགས་སྲིད་ཇུས་ནི་ཧ་ཅང་ཡང་དག་པ་ཞིག་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པས། ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར་རྒྱལ་ཁའི་ངང་མདུན་སྐྱོད་བྱས་ཚེ། དཔའ་ངར་ཆེན་པོས་མདུན་སྐྱོད་དང་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། གངས་ལྗོངས་ས་མཐོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་རྐྱང་ཞིག་འབྲི་ཐུབ་ངེས་ཡིན་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་ཁུངས་བཙན་ཐུབ་ཡོད།
རྒྱང་ལམ་གསར་པར་འབད་འཐབ་མདུན་སྐྱོད་བྱེད་པར་ང་ཚོས་ངེས་པར་དུ་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། འགན་འཁྲི་གསར་པ་ཕྲག་ཏུ་འཁུར་ཡོད་པས་ང་ཚོས་ངེས་པར་དུ་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དུས་ཚོད་ཀྱིས་མི་མི་སྒུག་པའི་འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གནང་བའི་ཐུགས་ཁུར་བྱམས་སྐྱོང་དང་མངགས་བཅོལ་ཟབ་མོ་དེ་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་གཡུར་ཟའི་གྲུབ་འབྲས་བཅས་ལ་འགྱུར་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དྲན་གསོ་ཞུ་བ་དང་རླབས་ཆེན་གྱི་རྡོ་རིང་བློ་ལ་བརྟན་པོར་འཛིན་པ་ནི་འདས་ཟིན་པའི་སྤྱིར་བཏང་མིན་པའི་ལོ་ཟླ་དང་འབད་འཐབ་ལྷོད་མེད་ལ་གུས་འདུད་ཞུས་པ་ཞིག་རེད་ལ། དེ་བས་ནི་དུས་རབས་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་དང་རྒྱང་ལམ་གསར་པ་བསྐྱར་དུ་འབྱེད་པར་སྐུལ་སློང་བྱས་པ་ཞིག་ཀྱང་རེད། དྲིན་ཚོར་འབད་འཐབ་དང་བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་ཏེ། རླུང་རླབས་ལ་མི་སྐྲག་པའི་བློ་གཤོགས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་འབད་འཐབ་ལ་བརྟེན་ནས་འབྱུང་འགྱུར་བཏོད་དེ། འོད་སྟོང་གསར་པ་ང་ཚོས་གཏོད་དགོས་པ་དང་ལོ་རྒྱུས་གསར་པ་ང་ཚོས་རྩོམ་དགོས།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站