ཉེ་ཆར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ཏན་ཏིག་དང་གཏིང་ཟབ་སྤེལ་བའི་མཚམས་སུ། ཏང་ཀྲུང་དབྱང་གིས《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོག་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་སྟེ་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱེད་པའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་བས་དམ་དུ་བཏང་བ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་ནི་ཏང་གི་གཟུགས་བརྙན་དང་། མི་སེམས་གཏད་ཕྱོགས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཕམ་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམ་འཛིན་ནན་ཏན་བྱས་ཏེ་ལམ་ལུགས་ཀྱི་བཙན་ཐབས་འཆུན་འདོམས་ལ་བརྟེན་ནས་རྒྱས་སྤྲོས་ལོངས་སྤྱོད་སོགས་སྤྱོད་ཚུལ་གྱི་ཞན་ཆ་དང་བྱ་སྤྱོད་ཀྱི་བཙོག་གྲིབ་མཐའ་གཅིག་ཏུ་གཏན་འགོག་དང་རྩ་བཅོས་བྱེད་དགོས།
འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་ཆུ་རགས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། 2013ལོར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་གིས《སྲོལ་ཡིག》བཟོས་ནས་བཏོན་པ་མ་ཟད། 《སྲོལ་ཡིག》གཙོ་རྐང་དུ་བྱས་པ་དང་ཕྱོགས་ཁག་གི་ཆེད་མངགས་ལྷན་སྦྱར་སྒྲིག་སྲོལ་ལམ་ལུགས་ལས་གྲུབ་པའི་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཅིག་རིམ་བཞིན་ཆགས་པར་སྐུལ་འདེད་བཏང་སྟེ“འཁོར་ཐོག་གི་རུལ་སུངས”དང་། “ལྕེ་ཐོག་གི་འཕྲོ་བརླག” “འདུ་གནས་ཀྱི་སྤྱོད་ངན”སོགས་སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་གཏན་འགོག་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ཏང་ཀྲུང་དབྱང་གིས་བཀའ་འབེབས་དང་བསླབ་བྱ་ཡང་ཡང་གནང་རུང་། ཏང་སྲིད་ལས་ཁུངས་ཁག་གཅིག་གིས་འཕང་མེད་འཕུང་མེད་དང་བག་མེད་ལོངས་སྤྱོད་བྱེད་པའི་སྣང་ཚུལ་ད་དུང་ཡང་སེ་ཐོན་པ་དང་། ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་ཡ་མེད་སྒྲིག་འགལ་དང་མངོན་མེད་ཐབས་སྒྱུར་གྱི“སྤྱོད་ཚུལ་བཞིའི”གནད་དོན་བཀག་ཀྱང་སྔར་བཞིན་ཐོན་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་དགོས། ད་ཐེངས《སྲོལ་ཡིག》བཟོ་བཅོས་རྒྱག་སྐབས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་འགྲོ་གྲོན་དོ་དམ་དང་། རྒྱལ་ནང་གི་གཞུང་དོན་ལམ་གྲོན། གཞུང་དོན་གྱིས་རྐྱེན་པས་གནས་སྐབས་རྒྱལ་མཚམས་སྒྲོལ་བ། གཞུང་དོན་སྣེ་ལེན། གཞུང་དོན་དུ་རླངས་འཁོར་སྤྱོད་པ། ཚོགས་འདུ་དང་བྱེད་སྒོ གཞུང་ལས་ཀྱི་ཁང་པ་བེད་སྤྱོད། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་གཏན་འབེབས་དུས་བསྟུན་མདུན་སྐྱོད་ངང་འཐུས་སྒོ་ཚང་དུ་བཏང་བ་དང་། ཧུར་བསྲི་གྲོན་ཆུང་ནན་པོ་དང་རྒྱས་སྤྲོས་ལོངས་སྤྱོད་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཚང་བཤེར་ཆད་གསབ་དང་གསར་སྒྱུར་རིམ་སྤོར་བྱས་ཏེ་འཕྲོ་བརླག་གཏོང་རྒྱུར་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་ཆུ་རགས་སྔར་བས་བརྟན་དུ་བཏང་ཡོད།
སྣེ་ཁྲིད་ནས་ཟ་མཁས་འཐུང་མཁས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་ཏང་སྲིད་ལས་ཁུངས་ཀྱི་འགྲོ་གྲོན་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་ལྟ་འདོམས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་མ་དངུལ་གཏོང་ཕྱོགས་དང་གྲུབ་ཆ་ལེགས་སུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་ཕྱིར་སྐྱོད་བྱེད་སྒོ་དང་། གཞུང་དོན་གྱིས་རྐྱེན་པས་གནས་སྐབས་རྒྱལ་མཚམས་སྒྲོལ་བ། གཞུང་དོན་གྱི་སྣེ་ལེན་བྱེད་སྒོ གཞུང་དོན་དུ་རླངས་འཁོར་སྤྱོད་པ། ཚོགས་འདུ་དང་བྱེད་སྒོ གཞུང་ལས་ཀྱི་ཁང་པ་བེད་སྤྱོད་བཅས་ལ་དོ་དམ་ནན་པོ་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པ་བཏོན་ཡོད། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་བྱེད་པའི་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་ཧུར་བསྲིས་བྱ་གཞག་ཐམས་ཅད་སྒྲུབ་པ་དང་། ནན་པོ་སྟབས་བསྡུས་དང་ཞིབ་རྩིས་རྒྱག་མཁས་པོ། འཆུན་འདོམས་བྱེད་ཤུགས་ཆེ་རུ་དང་གཏོང་སྒོར་ཚོད་འཛིན་ནན་པོ། ཚད་ཡོད་པའི་ནོར་སྲིད་ཀྱི་མ་དངུལ་གོ་ཆོད་སར་གཏོང་བ། མ་དངུལ་དེ་བས་མང་བ་འཕེལ་རྒྱས་ཀྱི་མཁོ་ས་དང་དམངས་འཚོའི་རེ་སྒུག་ཐད་གཏོང་བ་བཅས་བྱེད་དགོས།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཏན་ཏིག་འཛུགས་པ་དང་ལག་ལེན་བསྟར་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་མི་རྒྱུ་གཉིས་ཀ་འཕྲོ་བརླག་འགྲོ་བའི“རྟགས་མཚོན་ལས་གཞི”དང“བྱས་རྗེས་ལས་གཞི”གཏན་འགོག་བྱེད་དགོས། ཐབས་ཇུས་འགོད་ནོར་ཤོར་བ་ནི་འཕྲོ་བརླག་ཆེ་ཤོས་རེད། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། སྲིད་ཇུས་ཀྱི་བྱ་ཐབས་འདོན་པ། དོན་གནད་གལ་ཆེན་ཐག་གཅོད་པ་བཅས་ཚང་མར་འཕང་མེད་འཕུང་མེད་དང་རྗེས་འབབ་སྔོན་གཏོང་བཀག་འགོག་བྱེད་དགོས་པ། ཚད་ཡོད་ཀྱི་ནོར་སྲིད་ཐོན་ཁུངས་དག་སྒྱུར་བཅོས་ལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དོན་དངོས་སྒྲུབ་པ་བཅས་ཀྱི་ཐད་སྤྱད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི“སྲིད་དོན་ལས་རྗེས་ཀྱི་ང་རྒྱལ་ནད་རྟགས”ཡོ་བཅོས་མཐའ་གཅིག་ཏུ་བྱས་ནས་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛོལ་བ་དང་། ཐབས་ཇུས་གལ་ཆེན་འགོད་ནོར་ཤོར་བ་དང་ལྷག་པར་དུ“རྟགས་མཚོན་ལས་གཞི”དང“བྱས་རྗེས་ལས་གཞི”སྤེལ་བ་ལས་འཕྲོ་བརླག་ཚབས་ཆེན་འགྲོ་རིགས་ཀྱི་འགན་འཁྲི་ངེས་པར་དུ་བདའ་འདེད་ནན་པོ་གཏོང་དགོས།
རྒྱས་སྤྲོས་ལོངས་སྤྱོད་ཀྱི་ཚུལ་མིན་སྤྱོད་ངན་གཏན་འགོག་བྱེད་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང“སྤྱོད་ཚུལ་བཞི”ཡོ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་རྒྱས་སྤྲོས་ལོངས་སྤྱོད་ཀྱི་སྣང་ཚུལ་བཅོས་སྒྲིག་གཏིང་ཟབ་བྱེད་པར་དམིགས་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་བཏང་སྟེ་ལམ་ལུགས་ཀྱི་ནུས་པ་ཐོན་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་གི་ཉོ་སྒྲུབ་དང་། གཞུང་དོན་བྱེད་སྒོ། གཞུང་དོན་འཁོར་སྤྱོད། ཚོགས་འདུ་དང་བྱེད་སྒོ། གཞུང་ལས་ཁང་སོགས་ཀྱི་གྲོན་ཆུང་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚད་གཞི་ལས་བརྒལ་ནས་ཉོ་སྒྲུབ་བྱེད་པའམ་ཡང་ན་རྒྱས་སྤྲོས་དངོས་ཟོག་དང་སྒྲིག་ཆས་ཉོ་སྒྲུབ་གཏན་འགོག་བྱེད་པ། ཚད་གཞི་ལས་བརྒལ་བའི་གཞུང་དོན་སྣེ་ལེན་གཏན་འགོག་བྱེད་པ། ཚད་གཞི་ལས་བརྒལ་བའི་སྣེ་ལེན་བྱ་ཡུལ་དང་གཞུང་ལས་ཁང་བསྐྲུན་པའམ་རྒྱས་སྤྲོས་མཛེས་བཟོ་གཏན་འགོག་བྱེད་པ། གཞུང་འཁོར་རྒྱས་སྤྲོས་མཛེས་བཟོ་གཏན་འགོག་བྱེད་པ། དུས་སྟོན་འགྲེམས་ཚོགས་གླེང་སྟེགས་དང་། ལུས་རྩལ་འགྲན་ཚོགས། འགྲན་བསྡུར་སོགས་བྱེད་སྒོའི་ཁྲོད་ཕན་ཚུན་བསྡུར་བ་དང་། རྒྱས་གཤོམ། རྒྱས་སྤྲོས་ལོངས་སྤྱོད་བཅས་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་སྲིད་དོན་ཞབས་ཞུའི་ཁྲོད་ཀྱི“ངོ་སོའི་ལས་གཞི”འགོག་བཅོས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
གྲོན་ཆུང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་སྔར་བས་བླང་བྱ་བཏོན་ཡོད། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱེད་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་ཧུར་བསྲི་གྲོན་ཆུང་དང་རྒྱས་སྤྲོས་ལོངས་སྤྱོད་ལ་ངོ་རྒོལ་བྱེད་པའི་ཐད་སྔོན་ལ་སྒྲུབ་པ་དང་མིག་དཔེ་འདོན་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་དང་དེའི་ལས་དོན་པས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་རྒྱུར་སྐུལ་འདེད་བཏང་སྟེ་གྲོན་ཆུང་གི་ལྟ་བ་དང་བབ་ཆགས་ཀྱི་འདུ་ཤེས་འཛུགས་པ་དང་། མ་དངུལ་དང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་སྤྱོད་པ། འབྲུ་རིགས་གྲོན་ཆུང་གི་བྱ་སྤྱོད་སྣེ་ཁྲིད་ནས་སྤེལ་བ། མ་དངུལ་དང་ཐོན་ཁུངས་སྣ་ཚོགས་འཕྲོ་བརླག་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བཅས་བྱེད་དགོས། འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་ཞིབ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོན་ཆུང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཏང་སྲོལ་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་ཟབ་མོ་སྔར་བས་གཏོད་དགོས།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站