ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་དང་གཞི་རིམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་སྙེ་མོ་རྫོང་སྙེ་མོ་ཤང་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྷུ་ཚིགས་ཆུང་ངུ་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་གནད་ལ་གནད་སྨིན་སྟངས་འཛིན་བྱེད་པ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ་བཅས་བྱས་པས། མང་ཚོགས་ཀྱིས་བློས་འཁེལ་བའི་བཙན་རྫོང་བརྟན་པོ་ཞིག་ཏུ་གྱུར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྙེ་མོ་ཤང་བརྟན་བགྲོད་མདུན་སྐྱོད་བྱེད་པར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
སྙེ་མོ་ཤང་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ཤུགས་དང་བརྩེ་བར་བརྟེན་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་བཞིར་དམིགས་ནས་2024ལོར་སྐུལ་སྤེལ་ཚོགས་འདུ་ཐེངས་མང་འཚོགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། “གད་སྙིགས་ཀྱིས་སྐར་མ་བརྗེ་བའི་ས་ཚིགས”ལ་བརྟེན་ནས་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་གཏོང་བ། ཚུར་བསྡུ་ཆོག་པའི་དངོས་པོ་སྤྱི་རྒྱ་4400བརྗེ་པོ་བརྒྱབ་པ། དུད་ཚང་306གི“གསང་སྤྱོད་གསར་བརྗེ”བདེ་བླག་ངང་ལེགས་སྒྲུབ་བཅས་བྱས་པས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། 2025ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་འཇལ་ཚད་100%ཟིན་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་བྱེད་པའི་དཀའ་ངལ་བསལ་བ་དང་དམངས་སྲིད་ཀྱི་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནད་སྨིན་རོགས་སྐྱོར་བྱས་ཡོད།
2024ལོར་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དུས་བཀག་ལྟར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་སྤེལ་རིང་། བདེ་འཇགས་ཞིབ་བཤེར་ཐེངས་69བྱས་པ་དང་མངོན་མེད་རྐྱེན་ངན་ཁག་104གྲལ་བཤེར་བཅོས་སྒྲིག་བྱས་ཡོད། གདོང་དཀར་གྲོང་ཚོར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་སྐབས། ཤང་ཏང་ཨུད་ཀྱིས་མྱུར་དུ་བྱ་སྤྱོད་སྤེལ་ནས་མང་ཚོགས་དུད་ཚང་32ཀྱི་མི་284འཕྲལ་མར་ཕྱིར་འཐེན་བྱས་པས་མི་གཅིག་ཀྱང་ཤི་རྨས་མི་ཡོང་བའི་དམིགས་ཚད་མངོན་འགྱུར་ཏན་ཏིག་ཐུབ་ཡོད།
ཐོན་ལས་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་ཤང་ཏང་ཨུད་ཀྱིས་འཚོལ་ཞིབ་ཧུར་ཐག་དང་ཕྱོགས་མང་མཐུན་སྦྱོར་བྱས་པ་བརྒྱུད། 2023ལོའི་ཟླ་8པར། གྲོང་ཚོ་ཁག་དང་ཐེན་ཀྲི་ཅན་ཀུང་སིའི་དབར་རླམ་རྩྭ་ཕོ་སུལ་ཐོན་སྐྱེད་ཀྱི་མཉམ་ལས་གྲོས་མཐུན་བཞག་ནས། “སྣེ་འདྲེན་ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ། འདེབས་འཛུགས་དུད་ཚང”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་སྐུལ་ཁྲིད་འཁོར་འབྲེལ་སྣུར་སྲིང་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་བཏང་ཡོད། མིག་སྔའི་བར་རླམ་རྩྭ་ཕོ་སུལ་གྱི་རྣམ་གྲངས་ལག་ལེན་བསྟར་བར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་འཕར་བ་དང་གྲོང་ཚོ་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་855.1ཟིན་པས། མང་ཚོགས་70ལ་ཡོང་འབབ་སྒོར་ཁྲི་210འཕར་བར་སྐུལ་ཁྲིད་ཐུབ་ནས། ཞིང་འབྲོག་མང་ཚོགས་ཚོས་ཏང་འཛུགས་སྐྱོང་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་ལས་བྱུང་བའི་ཁེ་སྤོགས་དངོས་འབྲེལ་ལོངས་སྤྱོད་ཐུབ་ཡོད།
རྩོམ་སྒྲིག་པ། སྐར་མ་སྒྲོལ་མ།
中央部门网站
自治区部门网站
地(市)委部门网站
相关新闻网站