རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

发布时间:2025年04月07日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

མངའ་རིས་ས་ཁུལ་གྱིས་2022ལོ་ནས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་ཚུན། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དང་ཟུང་འབྲེལ་བྱས་ཏེ“ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ”ཆ་སྒྲིག་རོགས་སྐྱོར་གཏིང་ཟབ་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་པར་སྐུལ་འདེད་བཏང་བ་རེད།

“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་ཚུན། མངའ་རིས་ས་ཁུལ་གྱི་དམངས་གཉེར་ཁེ་ལས་རོགས་སྐྱོར་ལས་དོན་ནང་ཞུགས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། མིག་སྔར། ས་ཁུལ་ཡོངས་སུ་ཡུལ་དེ་གའི་དམངས་གཉེར་ཁེ་ལས་54དང་གྲོང་ཚོ(གྲོང་ལྷན)54ཡིས་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་བཞག་ཡོད། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ”ཆ་སྒྲིག་གིས་མཐའ་མཚམས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས། ཧོ་པེ་དང་། ཧྲའན་ཤིས། ཧྥུའུ་ཅན། ཀོང་ཏུང་བཅས་ཞིང་ཆེན་བཞིའི་དམངས་གཉེར་ཁེ་ལས(ཚོང་ལས་མཐུན་ཚོགས)21དང་དེ་བཞིན་ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས(ཚོང་ལས་མཐུན་ཚོགས)4མངའ་རིས་སུ་བཅའ་ཞུགས་བྱས་ནས། རོགས་སྐྱོར་ལས་དོན་སྤེལ་བར་སྐུལ་འདེད་བཏང་བ་རེད།

“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་ཚུན། གྲོང་ཚོ་དང་ཁེ་ལས་མཉམ་འགུལ་བྱེད་པའི་ཐད་རོགས་རེས་གཉིས་ཕན་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། བོད་ལྗོངས་མངའ་རིས་གསོལ་མགྲོན་ཁང་ཆེ་མོ་ཚད་ཡོད་འགན་འཁྲི་ཀུང་སིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་41.3བཏང་ནས་སོག་སྨད་གྲོང་ཚོའི་ཆུ་ཚན་ཡུལ་སྐོར་ལུས་གསོའི་རྣམ་གྲངས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཏེ། རྣམ་གྲངས་དེ་གསར་སྤེལ་དང་བེད་སྤྱོད་བྱེད་ཚད་མཐོ་རུ་ནུས་ལྡན་བཏང་བས། གྲོང་ཚོ་དེར་ལོ་རེར་ཆ་སྙོམས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད། ཁེ་ལས་དེས་ད་དུང་རྣམ་གྲངས་ལ་བརྟེན་ནས་ལས་གནས་75གསར་སྤེལ་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པར་བྱས་པ་དང་སྦྲགས། ལོ་རེར་ཆ་སྙོམས་གླ་ཆ་སྒོར་ཁྲི་485སྤྲད་དེ་འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ་ཏན་ཏིག་ཡོང་བར་བྱས་པ་རེད།

“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིས་ཡུལ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གངས་རིན་པོ་ཆེའི་ཡུལ་སྐོར་ལམ་ཐིག་ལ་གཞིགས་ཏེ་འབྲི་གཡག་སྐྱེལ་འདྲེན་རུ་ཁག་དང་། ལམ་རྒྱུད་དུ་སྦྲ་གུར་མགྲོན་ཁང་དང་བཟའ་བཏུང་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། དར་ཆེན་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་བཙུགས་ཡོད། དེ་དང་ཆབས་ཅིག དྲ་ཐོག་དང་དྲ་ཕྱི་བརྒྱུད་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ཡུལ་སྐོར་དྲན་རྟེན་དངོས་པོ་བཙོངས་ནས“ཏང་ཀྲི་པུའུ་དང་། ཁེ་ལས། དཀའ་ངལ་ཡོད་པའི་དུད་ཚང་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་ལམ་བུ་གསར་པར་རིམ་བཞིན་སྐྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད། ཧོ་པེ་ཀྲུང་ཅི་གྲོང་གསེབ་དར་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཚང་ཀྲོའུ་སན་ཅིང་ཆང་ལས་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སིས་ཐོན་ལས་རོགས་སྐྱོར་གྱི་རྣམ་པར་བརྟེན་ནས་རུ་ཐོག་རྫོང་གེ་ཁོད་གངས་རིའི་ཞིང་འབྲོག་པའི་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིར་ཁྱོན་མ་དངུལ་སྒོར་ཁྲི་32ཞལ་འདེབས་བརྒྱབ་ནས་ཁེ་ལས་ཀྱི་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་བྱེད་རོགས་བྱས་ཡོད། སྤུ་ཧྲེང་རྫོང་ཞིང་པ་དར་རྒྱས་ཚད་ཡོད་ཀུང་སིས་ཁྲོམ་ར་ཕྱོགས་སྟོན་དུ་བྱས་ཏེ་སྤུ་ཧྲེང་གྲོང་རྡལ་གྱི་གྲོང་ཚོ་6དང་ཁེ་ཕན་མཉམ་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། གྲོང་ཚོ་ཁག་གི་བྱེ་རྡོའི་རྒྱུ་ཆ་བཟོ་གྲྭ་ཆུང་གྲས་བསྡུ་སྒྲིལ། ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ཐུབ་པ་བཅས་བྱས་ཏེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་བར་རམ་འདེགས་བྱས་པ་རེད།

རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com