གངས་ལྗོངས་ས་མཐོའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།

发布时间:2025年04月01日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཤིང་། དེབ་འདིའི་ནང་ཞི་བའི་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ། དུས་རབས་གསར་པ་ཚུན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་མྱུར་པོ་དང་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་ཆ་ཚང་བའི་སྒོ་ནས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་གྲུབ་འབྲས་ཀྱི་ལག་ལེན་དང་གཞི་རྩའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ། “མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པའི”བོད་ཀྱི་ལེའུ་གསོན་ཉམས་དོད་པོས་མཚོན་ཡོད། ཚད་ལྡན་ཡིག་ཆ་གལ་ཆེན་འདི་ཡོངས་བསྒྲགས་བྱས་པ་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་དང་ཏག་ཏག་འཁེལ་བས། དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།

འདི་ནི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་རེད། ཞི་བའི་བཅིངས་འགྲོལ་མ་བཏང་གོང་གི་བོད་རྙིང་པ་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་ཕོག་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་མེད་པ་དང་། མི་ལུས་རང་དབང་དང་། རྒྱུ་ནོར་རང་བདག བསམ་བློའི་རང་དབང་བཅས་མེད་པས། མི་ཞིག་བྱེད་པའི་དབང་ཆ་རྩ་བ་ཉིད་ནས་མེད་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ། བོད་ལྗོངས་བྲན་དུ་བཀོལ་བ། “བོད་རང་བཙན”གྱི་ལྐོག་གཡོ་དང་བྱེད་སྤྱོད་ངན་སྐུལ་བཅས་བྱས་པས་བོད་མི་དམངས་ཀྱི་འཚོ་གནས་དབང་ཆར་འགན་ལེན་མི་ཐུབ་པ་དང་འཕེལ་རྒྱས་དབང་ཆ་མངོན་འགྱུར་དཀའ་བར་གྱུར་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དོན་དངོས་དྲངས་ནས་ཞི་བའི་བཅིངས་འགྲོལ་འགོ་འཛུགས་སར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་དང་། དེ་བཞིན་བོད་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་། འཕེལ་རྒྱས་དབང་ཆ། གཞི་རྩའི་དབང་ཆ་གཞན་ཁག་ལ་འགན་སྲུང་བྱེད་པ་དེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་བའི་བརྗིད་ཆེའི་ལོ་རྒྱུས་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ཞི་བས་བཅིངས་འགྲོལ་བཏང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་རྨང་གཞི་བཏིང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ། སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ། དུས་རབས་གསར་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་རྩོམ་འགོ་ཚུགས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གསེད་བཀྲོལ་ཁ་གསལ་བྱས་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་བྱུང་བ་རྒྱས་བཤད་གཏིང་ཟབ་བྱས་པ་དང་དེང་རབས་ཀྲུང་གོ་འཕེལ་རྒྱས་བྱུང་བའི་འཕེལ་རིམ་གཅིག་གྱུར་བྱུང་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད།

དེ་ནི་རྒྱུགས་ལན་གསར་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ལ་བརྩི་བ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ནང་མཉམ་འདྲེས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཤུགས་ཆེན་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྤྱི་དམངས་ཀྱི་དབང་ཆ་དང་། ཆབ་སྲིད་ཀྱི་དབང་ཆ། དེ་བཞིན་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་རིགས་ཁག་གི་མི་དམངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

དེ་ནི་བློ་སྒོ་འབྱེད་པའི་ཟིན་ཐོ་ཞིག་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཉིད་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཕྱོགས་སྡོམ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ཉམས་མྱོང་བསགས་ཡོད། ཉམས་མྱོང་ཕྱོགས་སྡོམ་དང་། ཆོས་ཉིད་ཁོང་དུ་ཆུད་པ། འབྱུང་འགྱུར་གསལ་སྟོན་བཅས་བྱས་ཤིང་། རྒྱབ་ཤ་དཀར་པོའི་དེབ་ནང་དེ་དག་སྙིང་བསྡུས་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས། བོད་ཀྱི་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོར་འཛིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མཐའ་འཁྱོངས། བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་མཐའ་འཁྱོངས། ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་མཐའ་འཁྱོངས་བྱེད་པ་བཅས་རེད། “མཐའ་འཁྱོངས་དྲུག་པོ”དེ་ནི་བརྒྱུད་རིམ་ལྡན་ལ་ཆ་ཚང་བ་དང་། གཏན་ཚིགས་ཚགས་དམ་པ། ནང་གནས་གཅིག་གྱུར་ལྡན་པ་བཅས་རེད་ལ། ཕན་ཚུན་འབྲེལ་མཐུད་དང་གཅིག་རམ་གཅིག་འདེགས་ཀྱི་གོང་བུ་ཞིག་ཀྱང་རེད། ལོ་རྒྱུས་ཀྱི་མཇུག་སྡོམ་རེད་ལ་འབྱུང་འགྱུར་ལ་བློ་སྒོ་འབྱེད་པ་ཞིག་དེ་བས་ཀྱང་རེད།

དེ་ནི་བསྒྲགས་གཏམ་ཡིག་ཆ་ཞིག་རེད། ལོ་མང་རིང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས། གཞི་རྩའི་དོན་དངོས་ལ་མ་བལྟོས་པར་གང་སར་དཀྲོག་གཏམ་བཤད་དེ“བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད”ཅེས་འུད་སྒྲོག་གང་ཐུབ་བྱེད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་ཁ་གཡར་ནས་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་ཞིག་རེད། བརྒྱ་བཤད་སྟོང་བཤད་བྱས་ཀྱང་། རྫུན་གཏམ་ནི་རྫུན་གཏམ་རང་རེད། རྒྱབ་ཤ་དཀར་པོའི་དེབ་ནང་ལོ་རྒྱུས་ཚད་གཞི་དང་དོན་དངོས་གཞི་འཛིན་སར་བྱས་ཏེ། དོན་དངོས་སླར་གསོ་དང་། ནོར་འཁྲུལ་ལ་དགག་པ་རྒྱག་པ། འབྱུང་རྩ་གཙང་སེལ་བཅས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་དང་ལྟ་བ་བློ་བརྟན་འགྱུར་མེད་ངང་མཚོན་པར་བྱས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་ཐོབ་པའི་གྲུབ་འབྲས་ནི་རྫུན་གཏམ་དབང་གིས་འགེབས་སྒྲིབ་དང་མེད་པར་བཟོ་མི་ཐུབ་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པའི་གོམ་སྟབས་དེ་རྫུན་གཏམ་དབང་གིས་སོམ་ཉི་སྐྱེ་མི་སྲིད་ལ་མཚམས་འཇོག་ཀྱང་བྱེད་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་གང་ལེགས་སྤྱོད་རྒྱུ་ཡོང་བ་འགན་སྲུང་བྱེད་པའི་གདེང་ཚོད་དང་བྱེད་ཐབས་དེ་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་བཀག་འགོག་དང་མཚམས་འཇོག་བྱེད་མི་ཐུབ་པ་གསལ་པོར་བསྟན་ཡོད། དེ་ནི་དོན་དངོས་ཀྱི་ཡོངས་བསྒྲགས་ཤིག་རེད་ལ། བདེན་དོན་གྱི་བསྒྲགས་གཏམ་དང་དྲང་བདེན་གྱི་གསལ་སྟོན་ཞིག་དེ་བས་རེད།

ད་ལྟའི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན། ཆོས་ལུགས་ཞི་དུལ། ཁོར་ཡུག་མཐུན་འཕྲོད་བཅས་ཡོད་ལ། མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཁྲིད་སྟོན་འོག ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལམ་བུའི་ལག་ལེན་ཁྲོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་དང་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་རེད།

རྩོམ་སྒྲིག་པ། ཟླ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com