འཕོ་འགྱུར་ཆེན་པོས་མཛད་རྗེས་རྡོ་རིང་བསྐྲུན། འབད་འབུངས་མདུན་སྐྱོད་བྱས་ཏེ་ལེའུ་གསར་རྩོམ།

发布时间:2025年04月01日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

གཅིག་རྒྱུན་གཅིག་འབྲེལ་རི་ཆུའི་རྣམ་པ་གསར། འབད་འབུངས་ཡར་བརྩོན་ལེའུ་གསར་རྩོམ་འགོ་ཚུགས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”རྒྱུན་མཐུད་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་སྐབས་འདིར། ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་17པ་བསུས་ཡོད།

ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ། མི་དམངས་ཀྱིས་ཀྱང་བརྗེད་མི་སྲིད། ལོ་66གི་གོང་དུ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་ནས་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། མུན་ནག་དང་། རྙིང་རུལ། རྗེས་ལུས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད། བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་དེ་ནི་ཞོགས་པའི་ཉི་གཞོན་དང་འདྲ་བར་བོད་རྙིང་པའི་སྨག་རུམ་མུན་པ་རྦད་དེ་བསལ་ནས་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་བརྗིད་ཆགས་ཤིང་ཁོད་ཡངས་པའི་རྒྱང་ལམ་དུ་རབ་ཏུ་འཕྲོས་ཏེ། བོད་ཀྱི་སྤྱི་ཚོགས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། བོད་ཀྱི་འཕེལ་རྒྱས་ལ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། དེ་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་གྱི་ལོ་རྒྱུས་ཀྱི་དོན་དག་གལ་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཀྱི་མཆོང་སྐྱོད་ཆེན་པོ་ཞིག་ཀྱང་རེད།

ལོ་རྒྱུས་ཀྱི་ལམ་བུ་ནི་བརྗིད་ཆགས་ཉམས་དང་ལྡན་པ་དང་། གྲུབ་འབྲས་ནི་སྔར་མ་གྲགས་ཤིང་དེང་ཡང་གཟི་བརྗིད་ཆེ། ལོ་66རིང་ངལ་བ་ཁྱད་བསད་བྱས་ཏེ་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་1.74ནས་2024ལོའི་སྒོར་དུང་ཕྱུར་2764.94བར་འཕར་བ་དང་། ལྗོངས་ཡོངས་ཀྱི་མི་འབོར་1959ལོའི་མི་ཁྲི་122.8ནས་2024ལོའི་མི་ཁྲི་370བར་འཕར་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་72.5བར་རིང་དུ་ཕྱིན་ཡོད། ལོ་66རིང་མཐུན་སྒྲིལ་འབད་འཐབ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིད་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས། ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པ་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་ལོ་རྒྱུས་ཀྱི་འཆར་གཞི་ཞིག་བཀོད་པ་དང་། ས་གསུམ་ཟིལ་གནོན་དང་གནམ་སྒྱུར་ས་བརྗེས་ཀྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཏེ། “དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི”མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་རེ་རེ་བཞིན་བཏོད་ཡོད། ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཀོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འབོར་ཆེན་འཆར་འགོད་ལག་བསྟར་གནང་བ། མི་རིགས་ཁག་གི་མི་དམངས་ལ་ཕན་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་གནང་ནས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། ད་ཆའི་བོད་ལྗོངས་སུ་ཆབ་སྲིད་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན། ཆོས་ལུགས་ཞི་དུལ། ཁོར་ཡུག་མཐུན་འཕྲོད། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསེར་མདོག་གི་ལམ་ཆེན་དུ་བློ་སྟོབས་ཆེར་སྐྱེད་ཀྱིས་སྐྱོད་བཞིན་ཡོད།

ཞུམ་མེད་སྙིང་སྟོབས་ལོ་རྒྱུས་སྟེང་དུ་འཁོད། མཛད་རྗེས་རྡོ་རིང་མི་ཉམས་འགྱིང་ངེར་གནས། ལོ་66རིང་བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ཐོག་ནས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའང་ཡོང་མི་སྲིད་པ་ལོ་རྒྱུས་དང་ལག་ལེན་ལས་སླར་ཡང་ར་སྤྲོད་བྱུང་བ་མ་ཟད། འབྱུང་འགྱུར་ད་དུང་མུ་མཐུད་ར་སྤྲོད་ཐུབ་ངེས་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར“གཏན་འཁེལ་གཉིས”ནི་ང་ཚོས་དཀའ་ངལ་དང་འགལ་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་ཚོད་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་ནི་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྨང་གཞི་དང་། སྟོབས་ཤུགས། རེ་བ་བཅས་གནས་ས་རེད།

ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡང་ཡིན་པས། ད་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། དེས་ན་ང་ཚོས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་དྲིན་ཚོར་འབད་འབུངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་གཏོང་བར་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་བཏང་སྟེ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་བ་དང་། སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁ་ཕུ་ཐག་གཅོད་པའི་ཕུལ་བྱུང་གི་རྒྱུགས་ལན་ཧུར་ཐག་འབུལ་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་སེམས་གཅིག་མཐུན་དང་། དཀའ་སྤྱད་འབད་བརྩོན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

རྩོམ་སྒྲིག་པ། བསོད་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com