དཔྱིད་རེ་བའི་ས་བོན་འདེབས། སྟོན་འབྲས་བུའི་མགོ་ལྕོག་ལྡེམ།

发布时间:2025年03月25日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

“ཉིན་ཤས་རིང་འདྲུད་འཐེན་འཁོར་ལོར་མཛེས་རྒྱན་སྤྲས་ཏེ་བཀྲ་ཤིས་སྔ་ལྟས་ཡོང་རེ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཤང་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་སྤེན་པ་ནོར་བུས་འདྲུད་འཐེན་འཁོར་ལོའི་སྟེང་ནས་དགའ་སྤྲོའི་ངང་གསར་འགོད་པར་འཚམས་འདྲི་བྱེད་བཞིན་དུ“ལོ་གསར་པར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་རེ་བ་ཡོད”ཅེས་བཤད།

བཀྲ་ཤིས་སྒང་གྲོང་ཚོ་ནི་སྐྱིད་ཆུའི་ངོགས་སུ་གནས་ཤིང་། གཙོ་བོ་ནས་དང་གྲོ་འདེབས་ཀྱི་ཡོད། “ངའི་ཁྱིམ་ལ་ས་ཞིང་མུའུ་12ཡོད། སོན་དང་རྫས་ལུད་ཁྱིམ་གྱི་སྒོ་རྩར་སྐྱེལ་གྱི་ཡོད། ད་ལོ་གཙོ་བོ་ནས་འདེབས་ཀྱི་ཡིན”བཀྲ་ཤིས་དབང་འདུས་ཁྱིམ་ལ་ནང་མི་4ཡོད་པ་དང་བུ་རྒན་པ་ཆབ་མདོར་ལས་ཀ་ཡོད་པ་དང་། བུ་ཆུང་བ་འབུམ་རམས་པའི་སློབ་གནས་འགྲིམ་བཞིན་ཡོད། ཁོང་གིས“ད་ཆ་རྨོ་འདེབས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པས་ང་དང་བཟའ་ཟླས་ཞིང་ལས་བྱེད་ཐུབ་ཀྱི་འདུག”ཅེས་བཤད།

དྲོ་འཇམ་ཉི་འོད་ཀྱི་ཟེར་ཁ་འཕྲེད་ལ་གཡུགས་ནས་ཡར་ཀླུང་གཙང་འགྲམ་ངོགས་གཉིས་སུ་དཔྱིད་ཀྱི་ཉམས་མདངས་རྒྱས། ས་མི་དགེ་འཕྲོད་དུས་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་ཁྲའུ་ཆེ་གྲོང་ཚོའི་གཉའ་གཅོག་མཛད་སྒོ་འགོ་ཚུགས། འཕྲུལ་འཁོར་གྱི་འུར་སྒྲས་སྲོལ་རྒྱུན་གྱི་གོམ་འགྲོས་ལ་ཚ་འདེད་བཏང་ཞིང་། འདྲུད་འཐེན་འཁོར་ལོ་30ལྷག་ཙམ་གྱིས་ཞིང་ནང་དུ་རྨོད་བརྒྱབ་པ་དང་། དེའི་རྗེས་སུ་བུད་མེད་ཁྱུ་ཞིག་གིས་རོལ་ནང་ཁྱིམ་ལུད་དང་སོན་སྙོམས་པོས་གཤོས།

ཞིང་འགོར། བསམ་སྒྲུབ་རྩེ་ཆུས་མཐོ་རིམ་ཞིང་ལས་ལག་རྩལ་པ་ཚེ་དབང་རྡོ་རྗེས་ཞིང་པ་འགར་ཞིང་ལས་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ལག་རྩལ་སློབ་བཞིན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཞིང་ལས་རྒྱུ་ཆ་གཏོང་འདྲེན་གྲབས་གསོག་བྱེད་ཤུགས་དང་སོན་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཚད་གཞི་མཐོ་བའི་ཞིང་ཁ་མགྱོགས་མྱུར་བསྐྲུན་པ་རེད། ད་ལོ། གྲོང་ཁྱེར་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་རྒྱ་ཁྱོན་མུའུ་ཁྲི་139.67འདེབས་རྩིས་ཡོད་པའི་ནང་། ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་100.09ནས་ཞིང་མུའུ་ཁྲི་93.79ཟིན་གྱི་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་11པའི་གཡས་གཡོན་ལ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་ཡེར་པ་སྡེ་ཁུལ་གྱི་ཞིང་ནང་དུ་མི་མང་པོ་འཛོམས་ཤིང་། རྨོན་མཛོ་དོར་སྦྲེལ་ཚུལ་གྱི་རྒྱན་སྤྲས་པའི་འདྲུད་འཐེན་འཁོར་ལོ་ཞིང་ནང་དུ་བཏང་ནས་ས་དང་པོ་དེ་བསློགས། དེ་ནས་སོན་འདེབས་འཕྲུལ་འཁོར་3གྱིས་རོལ་ནང་ནས་ནག་གི་སོན་རྡོག་རེ་རེ་གཤོས།

ཡེར་པ་སྡེ་ཁུལ་ནི་ལྷུན་རྩེ་རྫོང་གི་ནས་ནག་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་། 2023ལོར“འཛམ་གླིང་དུ་ནས་ནག་འདེབས་འཛུགས་རྟེན་གཞི་ཆེ་ཤོས”ལ་གཏན་འཁེལ་བྱས་པའི་ལྷུན་རྩེ་རྫོང་གིས་ནས་ནག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཐོན་ལས་འཁོར་འབྲེལ་བསྲིངས་ནས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

ལྷུན་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བཀྲ་ཤིས་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་རྫོང་ཡོངས་ཀྱི་ནས་ནག་འདེབས་ཁྱོན་མུའུ་ཁྲི་3.05ཟིན་ནས་ལོ་རེར་ཆ་སྙོམས་ཐོན་འབབ་ཏུན་ཁྲི་1.44ཟིན་གྱི་ཡོད་པ་རེད།

“ནས་ནག་ལ་དམིགས་ནས་ང་ཚོས་མིག་སྔར་ནས་ནག་གི་ཡོས་དང་། ནས་ནག་གི་ཏན་ཞིམ། ནས་ནག་གི་མན་པའོ། ནས་ནག་གི་ཆང་། ནས་ནག་གི་སྦི་རག་སོགས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་ཞིབ་སྤེལ་བྱས་ཡོད” བཀྲ་ཤིས་ཆོས་སྒྲོན་གྱིས། 2024ལོའི་ལོ་མཇུག་བར་རྫོང་གི་ལས་སྣོན་ཁེ་ལས་གཙོ་བོ་4ཡི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་2930ཟིན་ནས་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་22.5བགོས་ཡོད། 2019ལོ་ཚུན་དུ། ལྷུན་རྩེ་རྫོང་གིས་ལྗོངས་ནང་ཁུལ་གྱི་རྫོང་ཁག་ལ་རིམ་རྩིས་བརྒྱབ་ན་ནས་ནག་སོན་བཟང་ཏུན་1000ལྷག་ཙམ་བཙོངས་པར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་བྱུང་བ་དང་། ལྗོངས་ནང་ཁུལ་གྱི་ལས་སྣོན་ཁེ་ལས་ལ་ནས་ནག་ཏུན་2700ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་1300ལྷག་ཙམ་བྱུང་ཡོད་ཅེས་བཤད།

དེ་དང་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་ང་ཕོད་གྲོང་ཚོའི་ཞིང་ནང་དུ་ཡུལ་མི་ཚོས་སྔར་སྲོལ་རྒྱུན་འཛིན་གྱིས་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོགས་ཏེ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་བཏབ་པ་རེད།

ལུས་ལ་ཀོང་ཆས་སྤྲས་པའི་ཡུལ་མི་རྣམས་གསོམ་ཤུག་གི་བསང་ག་བསང་གསོལ་བཏང་ནས་བཀྲ་ཤིས་པའི་གླུ་ལེན་པ་དང་དགའ་སྤྲོ་འཁོལ་བའི་ཞབས་བྲོ་འཁྲབ་པ་མ་ཟད། ལྷ་རྒྱལ་འཐེན་ནས་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས།

རྡོ་རྗེ་བཀྲ་ཤིས་ཀྱིས་ཁྲ་རྒྱན་སྣ་ཚོགས་སྤྲས་པའི་འདྲུད་འཐེན་འཁོར་ལོ་བཏང་ནས་དགུན་ཉལ་བརྒྱབ་པའི་ས་ཞིང་གཉིད་ལས་བསླངས། ཚེ་བརྟན་ལྷ་མོས་ཨ་མས་བསླབས་པའི་བྱེད་ལུགས་བྱེད་སྟངས་ལྟར་རེ་བའི་ཞིང་ཁར་ནས་སོན་རེ་རེ་གཤོས།

དཔྱིད་ཐལ་བ་འཚུབ་འཚུབ་མ་བྱས་ན། སྟོན་སྣུམ་ཚིལ་ཚིལ་ག་ལ་ཡོང་། ད་ལོར་བཏབ་པའི་ས་བོན་ལས་འབྲས་བུའི་ཁུར་གྱིས་ལྗིད་པའི་སྙེ་རྡོག་རེ་རེ་སྨིན་ཏེ་སྟོན་ཀར་གངས་ལྗོངས་ས་མཐོར་ལོ་ལེགས་ཀྱི་དགའ་སྤྲོ་སྦྱིན་ངེས་རེད།

རྩོམ་སྒྲིག་པ།  ནོར་འཛིན་གསལ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com