རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་ནི་ཐོན་ཁུངས་ཕུན་སུམ་ཚོགས་ཁུལ་ཡིན་ལ། སྐྱེ་ཁམས་ཉམས་ཞན་ཁུལ་ཡང་ཡིན། ནང་སོག་གིས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་དང་། ཡུན་ནན་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱིམ་གཞིས་སྲུང་སྐྱོང་། བོད་ཀྱིས་ས་མཐོའི་ས་ཆུ་ཤོར་བ་བཅོས་སྐྱོང་སོགས་ནུབ་རྒྱུད་ས་ཁུལ་གྱིས་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦགས་བཙོག་དང་འགལ་རྐྱེན་ཉུང་དུ་བཏང་ནས། སྐྱེ་ཁམས་ཀྱི“སྣོན་འཕྲི་ལས་དོན”ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད།
གཞོན་ནུ་ཚན་རིག་པ་དང་ནགས་སྲུང་བ་སོགས་ཀྱིས་ནུབ་རྒྱུད་དུ་གཞིས་ཆགས་ནས། རྩྭ་ཐང་དང་། རི་ཁུག གྲོག་རོང་བཅས་སུ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད་ཤེས་བྱ་དང་། སེམས་ཤུགས། རྔུལ་ཆུ་བཅས་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།
མྱུ་གུ་ཡག་པོ་བཏབ་སྟེ་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱས་པ།
ཟླ་3པའི་ནང་སོག་རྩྭ་ཐང་སྔོ་ལྗང་དུ་འགྱུར་བར་ད་དུང་ཟླ་གཅིག་ལྷག་ཙམ་ཡོད་མོད། འོན་ཀྱང་ཤིས་ལིན་ཀོ་ལེ་ལས་རིགས་སློབ་གླིང་རྩྭ་ཐང་སྐྱེ་ཁམས་དང་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལིའོ་ཁྲེང་སུང་སྔ་ས་ནས་དུག་ཉུང་དམར་པོའི་མྱུ་གུ་འདེབས་གསོའི་ལས་ལ་གཞོལ་ནས་གནམ་གཤིས་དྲོ་རུ་ཕྱིན་རྗེས་ཕྱི་རོལ་དུ་སྤོ་འཛུགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད།
དུག་ཉུང་དམར་པོ་སོགས་རང་ཡུལ་གྱི་རྩི་ཤིང་ནི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བྱེད་པའི“ལས་རོགས་བཟང་པོ”ཞིག་ཡིན་མོད། འོན་ཀྱང་ལོ་འགའི་སྔོན་དུ། རི་སྐྱེས་དུག་ཉུང་དམར་པོའི་ས་བོན་གྱི་སྤུས་ཚད་ཚབས་ཆེན་ཞན་དུ་ཕྱིན་པའི་ཁར་གནམ་གཤིས་དྲོ་རུ་ཕྱིན་པ་སོགས་ཀྱིས་རྐྱེན་པས་རང་བྱུང་ས་བོན་གསོན་ཚད་ཧ་ཅང་ཉུང་ལ། རི་སྐྱེས་དུག་ཉུང་དམར་པོའི་གྲངས་འབོར་ཡང་རིམ་བཞིན་ཉུང་དུ་ཕྱིན་ཡོད། 2016ལོར་ཤིས་ལིན་ཀོ་ལེ་ལས་རིགས་སློབ་གླིང་གིས་རི་སྐྱེས་རྩི་ཤིང་འདུལ་གསོ་འདེབས་གསོའི་ཚོགས་པ་བཙུགས་པ་དང་། ལིའོ་ཁྲེང་སུང་གིས་ཚོགས་པའི་ཁོངས་མིའི་སྣེ་ཁྲིད་དེ་དུག་ཉུང་དམར་པོ་འགག་གནད་སྒྲོལ་སར་བྱས་ནས། རི་སྐྱེས་རང་ཡུལ་གྱི་རྩི་ཤིང་སྲུང་སྐྱོང་དང་། འདུལ་གསོ། མི་ཐབས་འདེབས་གསོ་བཅས་ཀྱི་ལས་དོན་སྤེལ་ཡོད། ལོ་ལྔའི་རིང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ལིའོ་ཁྲེང་སུང་ཚོགས་པས་རི་སྐྱེས་དུག་ཉུང་དམར་པོའི་ས་བོན་གསོན་ཚད་5%ལས་མ་ཟིན་པ་ནས་75%བར་མང་དུ་བཏང་སྟེ། རི་སྐྱེས་དུག་ཉུང་དམར་པོ་མི་ཐབས་འདེབས་གསོ་ཐུབ་པ་མ་ཟད། དུག་ཉུང་དམར་པོ་སྐྱེ་ཁམས་སླར་གསོའི་འཐབ་ས་དང་པོར་ཡང་སྤྱད་ཡོད།
ཉེ་བའི་ལོ་ཤས་རིང་། ནང་སོག་གིས་ཉམས་ཞན་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་འདུ་འགོད་ལག་ལེན་བསྟར་ནས། རྩྭ་ཕྱུགས་དོ་སྙོམས་དང་རྩྭ་ཁ་བཀག་པ་དང་རྩྭ་ར་བསྙལ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། རྩྭ་ཐང་གི་འབྲོག་ལས་ཀྱིས་རང་བྱུང་རྩྭ་ཐང་གི་གཟན་རྩྭར་བརྟེན་ཚད་ཉུང་དུ་ཕྱིན་ཏེ་རྩྭ་ཐང་སོར་ཆུད་སྐྱེ་འཕེལ་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། 2024ལོར། ནང་སོག་གིས་རྩྭ་མུའུ་ཁྲི་1923.67བཏབ་ནས་ས་རྒྱུ་ལེགས་བཅོས་བྱས་ཏེ་ལོ་འཁོར་མོའི་ལས་འགན་གྱི་148%ལེགས་གྲུབ་བྱས་པ་དང་། རྩྭ་ཐང་དུ་ཕྱུགས་འཚོ་ཐལ་དྲགས་པའི་གནད་དོན་ཐག་གཅོད་བྱེད་པའི་ཚོད་ལྟའི་ཆི་དང་རྫོང་17ལ་སྐྱེ་ཁམས་རྩྭ་མུའུ་ཁྲི་530.7གསར་དུ་བཏབ་པ་དེ་ལོ་གོང་མ་ལས་459%ཆེ་རུ་ཕྱིན་ཡོད།
སྤྲེའུ་ཁྱུ་ཞིག་བཙལ་ཏེ་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་སྲུང་སྐྱོང་བྱས་པ།
ཀའོ་ལི་ཀུང་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དབུས་ཁུལ་དུ་གནས་པའི་ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ལུའུ་ཧྲུའེ་གྲོང་ཁྱེར་ཕེན་མ་གྲོང་རྡལ་དུ་མུ་འབྲེལ་གྱི་གདོད་མའི་ནགས་ཚལ་ཆགས་ཤིང་། དེ་ནི་རང་རྒྱལ་གྱི་མངའ་ཁོངས་སུ་རྙེད་སྔ་ཤོས་ཀྱི་སྟོངས་ཉེན་ཧ་ཅང་ཆེ་བའི་རྒྱལ་མོ་རྔུལ་ཆུའི་སྤྲེའུ་སྤུ་སེར་འཚོ་སྡོད་ཁུལ་ཞིག་རེད།
2013ལོའི་ཟླ་5པར། ད་དུང་ཀྲུང་ནན་ནགས་ལས་ཚན་རྩལ་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མ་འགྲིམ་བཞིན་པའི་ཁྲིན་དབྱི་ཤིན་ཀའོ་ལི་ཀུང་རི་བོར་ཡོང་ནས། རྒྱལ་མོ་རྔུལ་ཆུའི་སྤྲེའུ་སྤུ་སེར་ལ་བརྟག་དཔྱད་ཀྱི་ལས་དོན་སྤེལ་འགོ་ཚུགས།
རྒྱལ་མོ་རྔུལ་ཆུའི་སྤྲེའུ་སྤུ་སེར་ལ་སྲུང་སྐྱོབ་བྱེད་པ་ནི་ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་བསྡུས་རིས་ཤིག་ཡིན། རྨ་བྱ་ལྗང་ཁུ་སོགས་རྩ་ཆེའི་སྟོངས་ཉེའི་སྲོག་ཆགས་ཀྱི་གྲངས་འབོར་བརྟན་པོ་འཕར་བ་དང་། རིགས་ཚོགས་ཧ་ཅང་ཆུང་བའི་རྩི་ཤིང་སྣ་ཚོགས་ས་གནས་དེ་གར་སྲུང་སྐྱོང་ངམ་ཡང་ན་གནས་སྤོ་སྲུང་སྐྱོང་ངམ་རྒྱུད་སྤེལ་ཕྱིར་ལོག་སོགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱས་ཏེ། ཡུན་ནན་གྱིས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གཏན་འཁེལ་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་11.35ཟིན་པ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ས་ཁོངས་གལ་ཆེན་ཚང་མ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་རེད།
འབུམ་རམས་པ་ཐོན་རྗེས། ཁྲེན་དབྱི་ཤིན་ཡུན་ནན་དུ་ལོག་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་མུ་མཐུད་གཞོལ་བ་དང་མིག་སྔར་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་རེད།
ནགས་ཚལ་ཡུག་གཅིག་བཏབ་སྟེ་ས་མཐོར་བྱེ་མ་བཅོས་སྐྱོང་དང་སྔོ་ལྗང་མང་དུ་བཏང་བ།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ནི་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ཀྱི་བྱང་ངོགས་སུ་གནས་པ་དང་དེ་སྔ་རྟག་ཏུ་བྱེ་རླུང་འཚུབ་ཀྱི་ཡོད།
ད་ཆ་འདི་གར་ནགས་ཚལ་སྟུག་པོ་ཡོད་མོད། སྔོན་ཆད་རྩྭ་རྐང་གཅིག་ཀྱང་སྐྱེ་གི་མེད། རྣམ་གླིང་རྫོང་ཨེ་མ་ཤང་ཤར་ཁ་གྲོང་ཚོའི་ནགས་སྲུང་བ་ཚེ་རིང་བསྟན་འཛིན་གྱིས་སྐབས་དེ་དུས་ཡར་ཀླུང་གཙང་པོའི་བྱང་ངོགས་ནི་བྱེ་ཐང་ཞིག་ཡིན་པ་དང་། གང་སར་བྱེ་རླུང་འཚུབ་སྟེ་ཁྱིམ་ནས་དོན་ཏེ་སྐར་མ་ལྔའང་མི་འགོར་བར་རྣ་ཅོག་དང་སྐྲའི་གསེབ་ཏུ་བྱེ་མས་ཁེངས་ཀྱི་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
ས་མཐོའི་ཉམས་ཞན་སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད། བོད་ཀྱིས་ཡར་ཀླུང་གཙང་པོའི་དབུས་སྟོད་དང་སྨད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་རྣམ་གྲངས་གཉིས་དང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་བོད་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཞིའི་སྔོ་འགྱུར་ནགས་བཟོའི་ལས་གྲྭ་ལག་བསྟར་བྱས་ཡོད། གཞན་ཡང་བཟོ་གཏེར་ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་ཁེ་ལས་ཀྱིས་ཀྱང་དུས་འགོར་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་སྙན་ཞུ་དང་ནུས་རྒྱུ་གྲོན་ཆུང་གི་ཞིབ་བཤེར་བྱེད་དགོས་ཀྱི་ཡོད། འཛུགས་སྐྲུན་བྱས་རྗེས་ནུས་རྒྱུའི་སྤྱི་འབོར་ཚོད་འཛིན་བྱས་ཏེ་སྐྱེ་ཁམས་ཟིང་འགུལ་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་སླར་གསོར་ཤུགས་སྣོན་རྒྱག་པ། ཆུ་སྙིགས་དང་རླངས་རོ་བཅོས་སྐྱོང་བཅས་བྱས་པ་རེད།
2014ལོར་བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”སྔོ་འགྱུར་ནགས་བཟོའི་ལས་གྲྭ་རྣམ་གླིང་རྫོང་དུ་སྤེལ་འགོ་ཚུགས་པ་རེད། ལོ་34ལ་སླེབས་པའི་ཚེ་རིང་བསྟན་འཛིན་གྱིས་ཕ་ཡུལ་དུ་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་ཡིན་པ་ཐོས་རྗེས་འཕྲལ་མར་ནགས་སྲུང་བར་མིང་ཐོ་བཀོད། འོན་ཀྱང་ས་མཐོར་ནགས་བཟོ་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་ཞིང་། རྣམ་གླིང་རྫོང་དུ་ཆ་སྙོམས་ས་བབ་སྨི་4000ཡོད་པ་དང་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཆེ་བ། ཆུ་རླངས་པར་འགྱུར་མགྱོགས་པ། སྡོང་ཕྲུག་གསོན་ཚད་དམའ་བ་བཅས་རེད། གསོན་ཚད་མཐོ་རུ་གཏོང་ཆེད། སྲིད་གཞུང་གིས་ཕྱུགས་རྩྭའི་ཁུལ་ཁོངས་འཆར་འགོད་ལུགས་མཐུན་བྱས་པ་དང་ཚེ་རིང་བསྟན་འཛིན་དང་ནགས་སྲུང་བ་ཚོས་འདེབས་འཛུགས་དང་ཆུ་འདྲེན་སྟངས་ཚོད་ལྟ་ཡང་ཡང་བྱས་མཐར་སྡོང་ཕྲུག་གསོན་ཚད་85%ཟིན་པ་རེད།
རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།
中央部门网站
自治区部门网站
地(市)委部门网站
相关新闻网站