ས་མཐོར་འཕུར་ལྡིང་གར་ལ་རྩེན་པའི་ཁྲུང་ཁྲུང་སྐེ་ནག

发布时间:2025年03月25日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཞོགས་པའི་ཉི་གཞོན་དལ་བུར་འཆར་དུས་ཁྲུང་ཁྲུང་གི་སྐད་སྒྲས་ས་མཐོའི་ཁུ་སིམ་ཁད་ཀྱིས་དཀྲོགས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་གྱི་སྟག་མགོ་ཆུ་མཛོད་དུ་རིམ་བཞིན་འཁྲུག་ཆ་དོད་དུ་སོང་སྟེ་དེ་གར་དགུན་སྒྲོལ་ལ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཞོགས་པའི་ཉི་ཟེར་འོག་ཏུ་འཕུར་ལྡིང་བྱེད་འགོ་བརྩམས།

ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་གི་ས་མཐོར་སྐྱེ་འཕེལ་དང་འཚོ་གནས་བྱེད་པའི་ཁྲུང་ཁྲུང་རིགས་འབའ་ཞིག་དེ་ཡིན་ལ། རང་རྒྱལ་གྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱང་རེད། ལོ་ལྟར་ཁྲུང་ཁྲུང་སྐེ་ནག་དེ་དག་ལེ་དབར་སྟོང་གི་ས་ནས་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་ལ་ཡོང་གི་ཡོད།

ལོ་62ལ་སླེབས་པའི་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་སྟོང་གྲོང་ཚོའི་ཡུལ་མི་བསྟན་འཛིན་གྱིས་ཉིན་གྲངས་རྩི་བཞིན་རེ་སྒུག་ཆེན་པོ་བྱེད་པའི་གྲོགས་པོ་རྙིང་པ་ཚོ་དེ་གར་འབྱོར། ཁོང་གིས“ཁྲུང་ཁྲུང་སྐེ་ནག་གྱིས་བཀྲ་ཤིས་པ་དང་ཚེ་རིང་པོ་མཚོན་པ་དང་། ངའི་ཁྱིམ་གྱི་སྒོ་རྩར་ཡོང་བའི་ཁྲུང་ཁྲུང་འདི་དག་ལ་དགའ་པོ་ཡོད་ལ་ནུས་པས་ལྕོགས་ཚོད་ཀྱིས་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད”ཅེས་ཤོད་བཞིན་རྒད་པོའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

ཁྲུང་ཁྲུང་སྐེ་ནག་དང་དུས་གཅིག་ཏུ་ད་དུང་ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཚན་རིག་རྟོག་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། པེ་ཅིང་ནགས་ལས་སློབ་ཆེན་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་ལི་ལེན་ཁྲེང་ཀྱང་འབྱོར་ཞིང་། ཁོང་ལོ་ལྟར་ཟླ་བཞི་ཙམ་བོད་དུ་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་གོམས་གཤིས་ལ་རྟོག་ཞིབ་བྱས་ནས་སྡོད་ཀྱི་ཡོད་པ་དང་། ལོ་མང་རྒྱུན་མཐུད་རྗེས་སྙེག་ཟིན་ཐོ་བཀོད་དེ། ཚན་ཞིབ་ཀྱི་བྱ་ཐབས་ལ་བརྟེན་ནས་ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོང་ལ་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད།

ཐེངས་ཤིག་སངས་རྒྱས་སྐྱབས་ཕྱི་རོལ་དུ་པར་རྒྱག་པར་འགྲོ་སྐབས་ཁྲུང་ཁྲུང་སྐེ་ནག་དང་ལས་འབྲེལ་ཟབ་མོ་བྱུང་བ་རེད། ཁོང་རང་ཉིད་ཀྱིས་བརྒྱབ་པའི་ཁྲུང་ཁྲུང་སྐེ་ནག་གི་འདྲ་པར་མ་དཔེར་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་གི་འཇིམ་བརྙན་གློག་སྒྲོན་སོགས་བསམ་བཀོད་རིག་གནས་ཐོན་རྫས་ཇུས་འགོད་ཞིབ་ཚགས་བྱས་པ་དེ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད། “ངའི་ངོས་ནས་བརྗོད་ན་རིག་གནས་བསམ་བཀོད་ཐོན་རྫས་འདི་དག་སྒྱུ་རྩལ་བརྩམས་ཆོས་ཙམ་མ་ཟད། ས་མཐོའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་མཚོན་པར་བྱས་པ་ཞིག་དེ་བས་ཀྱང་ཡིན”ཞེས་སངས་རྒྱས་སྐྱབས་ཀྱིས་བཤད།

ལྷད་མེད་ཀྱི་བརྩེ་བ་བཅངས་པ་ཡིན་ནའང་འདྲ། ཡང་ན་ཚན་རིག་ཞིབ་འཇུག་གི་དགོས་པ་དང་སྒྱུ་རྩལ་ལ་བཅངས་པའི་དད་ཞེན་ཅི་ཞིག་ཡིན་རུང་། ལི་ལེན་ཁྲེང་དང་སངས་རྒྱས་སྐྱབས་སོགས་ཀྱིས་རང་སོ་སོའི་དམིགས་བསལ་གྱི་ཐབས་ཤེས་ལ་བརྟེན་ནས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་གོམས་གཤིས་ཇི་མ་ཇི་བཞིན་ཟིན་ཐོ་དང་པར་དུ་བཀོད་ཡོད། དུས་ད་ཆ། ཁྲུང་ཁྲུང་སྐེ་ནག་ལ“ལྷ་ས་གྲོང་ཁྱེར་གྱི་མཚོན་བྱེད་བྱ”ཞེས་པའི་མིང་བབ་གསར་པ་ཞིག་ཡོད་ཅིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་འོས་སྦྱོར་བྱས་པ་ཞིག་རེད་ལ་ཚང་མས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་འདི་དག་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་བའང་རེད།

རྩོམ་སྒྲིག་པ།  ནོར་འཛིན་གསལ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com