ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་མཉམ་འཛོམས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”མཐའ་མའི་རྒྱལ་ཁ་ལེན་པར་ཐབས་འདོན་ཇུས་འབུལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ནུས་སེམས་གཅིག་ཏུ་སྒྲིལ་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
བརྗིད་ཆགས་ཀྱི་རྒྱང་ལམ་དུ་འབད་འཐབ་ཀྱི་འགན་སེམས་འཆང་བ་དང་གོམ་སྟབས་གསར་པ་བརྟན་པོར་སྤོས་ཡོད། བརྗེད་པར་དཀའ་བའི་2024ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་དོན་ཆེན་མང་པོ་བསྒྲུབས་པ་དང་དཀའ་ངལ་མང་པོ་ཐག་གཅོད་བྱས་ཡོད། “དུས་རབས་ཀྱི་ལེའུ་གསར་པར”བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་པ་དང་། “བྱ་སྤྱོད་ཡག་ཤོས”ལ་བརྟེན་ནས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པས། ང་ཚོའི་དམིགས་ཚད་དེ་བས་བརྟན་དུ་ཕྱིན་ཡོད། དཔལ་འབྱོར་གྱི་སྤྱི་འབོར་དང་འབྲུ་རིགས་ཀྱི་ཐོན་འབབ་ལ་ཚད་བརྒལ་གསར་པ་བྱུང་བ་དང་། ཟླ་བའི་ལྷ་མོ་ཨང་དྲུག་པ་དང་ཧྲེན་ཀྲུང་བགྲོད་ལམ་སོགས་གསར་གཏོད་ཀྱི་གྲུབ་འབྲས་མུ་མཐུད་ཐོན་པ། “བརྟན་པའི”རྨང་གཞི་དེ་བས་སྲ་བརྟན་དུ་ཕྱིན་པ། “ཡར་རྒྱས”ཀྱི་སྒུལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ང་ཚོའི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་། རང་བྱུང་གནོད་འཚེ་ཚབས་ཆེན་འཕྲད་སྐབས་ཀུན་སེམས་གཅིག་ཏུ་སྒྲིལ་བ། རྒྱལ་སྤྱིའི་གར་སྟེགས་སུ་ཀྲུང་གོའི་འདོད་ཚུལ་མངོན་གསལ་དོད་པོས་འདོན་པ་བཅས་བྱས་པས། ང་ཚོའི་སྙིང་སྟོབས་དེ་བས་འཕེལ་ཡོད།
འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་པར་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མཚོན་པ་མ་ཟད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གསར་འབྱེད་ཡར་བརྩོན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བརྟན་པོ་གཏོང་བའི་ང་ཚོའི་ཆོད་སེམས་དང་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་དད་སེམས་དང་གདེང་ཚོད་བརྟན་དུ་གཏོང་བར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་འགལ་བ་དང་གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་པ་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་ཕྱིར་བཤོལ་མ་བྱས་ཚེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད”ཅེས་གསུངས་པ་ལྟར་རེད།
ལམ་ལུགས་བརྟན་ན་རྒྱལ་ཁབ་བརྟན། ལམ་ལུགས་དར་ན་རྒྱལ་ཁབ་དར། ལོ་70ལྷག་ཙམ་རིང་། ཏང་གི་འགོ་ཁྲིད་འོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་བརྟན་པོར་ཚུགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་མཉམ་འདྲེས་ཟབ་མོ་བྱུང་ནས“ངོ་མཚར་ཆེན་པོ་གཉིས”གཏོད་པར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་མཁོ་འདོན་བྱས་ཡོད། འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་ལ་ཤུགས་སྣོན་རྒྱག་པར་བརྟེན་ནས་རྩ་ཁྲིམས་སྲུང་སྐྱོང་བྱེད་པའི་དབང་གྲགས་དང་ལ་རྒྱ་ལག་བསྟར་དང་དེར་ལྟ་སྐུལ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་ལ་འགན་ལེན་དང་ཞབས་འདེགས་ཞུ་བ། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་པས། ལས་དོན་ཁག་ལ་འཕེལ་རིམ་དང་ཕན་འབྲས་གསར་པ་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་བབ་དང་དོན་དངོས་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་རང་ཁྱིམ་རང་བདག་ལ་འགན་ལེན་བཅས་ཀྱི་ལམ་ལུགས་ཡག་པོ་ཞིག་ཡིན་པ་དེ་ནི་མི་དམངས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་ནུས་ལྡན་ཐུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལམ་ལུགས་ཡག་པོ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།
འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་མ་ཟད། འོད་སྟོང་འཕྲོ་བའི་མདུན་ལམ་ཡང་མངོན་ཡོད། རྒྱང་ལམ་གསར་པར་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་རྒྱུག་ཡག་པོ་བཅས་བྱས་ཏེ་མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་པ་བཅས་བྱས་ནས། ལམ་ལུགས་འདིའི་མངོན་གསལ་དོད་པའི་ལེགས་ཆ་དེ་བས་འདོན་སྤེལ་བྱས་ན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།
རྒྱལ་ཡོངས་ཚོགས་འདུ་གཉིས་ཡག་པོ་འཚོགས་པ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་འཆར་འགོད་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་དང་རང་འགན་ཐེག་པ་ཁུར་ལེན་བྱས་ན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་རྩ་བ་ཚུགས་པ་དང་། མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་པས། རྒྱ་ཆེའི་འཐུས་མིས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་བྱས་ཏེ། དངོས་སྒྲུབ་གོ་ཆོད་ཀྱི“ཐབས་བཟང”མང་ཙམ་འདོན་པ་དང་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི“སྐད་སྒྲ་བཟང་པོ”སྒྲོག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
བརྗིད་ཆེའི་དམིགས་ཚད་ལ་ཕྱོགས་ནས་མུ་མཐུད་འབད་བརྩོན་བྱེད་པར་ང་ཚོར་ཉེན་ཁ་འགོག་པ་དང་འགྲན་སློང་ལས་རྒྱལ་བའི་འདེགས་སྐྱོར་བརྟན་པོ་ཡོད་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་པའི་གདེང་ཚོད་ཆེན་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། གདེང་ཚོད་བརྟན་པོ་དང་། རེ་བས་ཁེངས་པ། གསར་འབྱེད་ཡར་བརྩོན། དཀའ་སྤྱད་འབད་འཐབ་བཅས་བྱས་ན་ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ཡག་པོ་ལེན་ཐུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།
中央部门网站
自治区部门网站
地(市)委部门网站
相关新闻网站