2024ལོ་ཚུན་དུ། སྨར་ཁམས་རྫོང་གིས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་། ཡུལ་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ། མཛེས་ལྗོངས་ཁུལ་གྱི་གསོན་ཤུགས་ཆེ་རུ་བཅས་བཏང་ཐོག་སྟོབས་ཤུགས་ཡོད་རྒུས“ཡུལ་སྐོར་+”ལ་ཤུགས་སྣོན་བརྒྱབ་ནས་སྨར་ཁམས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི“སྒུལ་ཤུགས་ཆེན་པོ”བཏོད་ཡོད། 2024ལོར། རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་100.13ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་58%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.41ཟིན་པ་དེ་དུས་མཚུངས་ལས་69%འཕར་བ། ལོའི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་འཚོང་ཚད་སྒོར་ཁྲི་1000ལས་བརྒལ་ནས་ཞིང་འབྲོག་མང་ཚོགས་1900ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐེབས་ཏེ་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་4000བྱུང་ཡོད་པ་རེད།
“ཡུལ་སྐོར་+རིག་གནས”ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཚྭ་ཁ་ལྷོའི་གནའ་བོའི་ཚྭ་ཞིང་གི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་དེ་བཞིན་འཇང་མི་རིགས་ཤང་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་སྔོག་འདོན་གཏིང་ཟབ་དང་འགྲེམས་སྟོན་བྱས་པ་དང་ཆབས་ཅིག ཆུ་ཚན་ཁ་ཡུལ་སྐོར་སྤྲོ་གསེང་ཁུལ་བཏོད་དེ། རིག་གནས་ཐོན་ཁུངས་དེ་ཡུལ་སྐོར་གྱི་འགུག་ཤུགས་ལ་བསྒྱུར་བ་རེད།
“ཡུལ་སྐོར་+གྲོང་གསེབ”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཞིང་། “ཡུལ་སྐོར་+གྲོང་གསེབ”ཀྱི་མཉམ་འདྲེས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཁྲོད། ས་གནས་དེ་གའི་གྲོང་གསེབ་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་དམངས་སྲོལ་གནས་ཚང་དང་གྲོང་གསེབ་ཡུལ་སྐོར་ལམ་ཐིག་བཏོད་པ་དང་། ཁང་ཕྱིའི་ལུས་རྩལ་དང་ཁྱད་ལྡན་བཟའ་བཏུང་སོགས་ལས་རྣམ་གསར་པ་ནང་འདྲེན་ཧུར་ཐག་བྱས་ནས་ཡུལ་སྐོར་བའི་མྱོང་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་མང་པོ་མཁོ་འདོན་ཡང་བྱས་ཡོད་པ་རེད། མིག་སྔའི་བར། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་58.74ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་8801.2བྱུང་ཡོད་པ་རེད།
“ཡུལ་སྐོར་+སྤུས་རྟགས”ལ་བརྟེན་ནས་རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ཞིང་། ས་གནས་དེ་གའི་ཁྱད་ལྡན་རིག་གནས་སྣེ་ཁྲིད་དུ་བྱས་ནས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཇུས་འགོད་ཟུང་འབྲེལ་གྱིས་བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སོགས་སྨར་ཁམས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་སྣ་ཚོགས་བཏོན་པ་དེས་ཡུལ་སྐོར་བས་ས་ཁོངས་ཀྱི་རིག་གནས་འཚོལ་ཞིབ་དང་ཉམས་ལེན་བྱེད་པའི་ཐད་ཀྱི་དགོས་མཁོ་བསྐངས་པ་དང་། གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་དང“ཁམས་BA”གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོ་འགྲན་བསྡུར་སོགས་ཡུལ་སྐོར་རིག་གནས་བྱེད་སྒོ་སྤེལ་ནས་སྨར་ཁམས་རྫོང་གི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
“ཡུལ་སྐོར་+སྐྱེ་ཁམས”ལ་བརྟེན་ནས་མཛེས་སྡུག་ལྡན་པའི་སྨར་ཁམས་ཀྱི་ལེའུ་གསར་པ་བརྩམས་ཤིང་། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་མང་པོ་བཏོད་པས། ཡུལ་སྐོར་བ་མང་པོ་ཉམས་ལེན་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྨར་ཁམས་རྫོང་གི་སྐྱེ་ཁམས་ཡུལ་སྐོར་ཡོང་འབབ་ཀྱིས་རྫོང་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་གྱི་10%བཟུང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་ནགས་ཁྲོད་ཐོན་ཁུངས་ཀྱི་ཐོན་འབབ་ཏུན་2018ཟིན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་19547.8ཟིན་ཡོད། ནགས་ཁྲོད་འདེབས་འཛུགས་དང་གསོ་སྤེལ་སོགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ནགས་སའི་སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀ་མངོན་འགྱུར་བྱུང་ཡོད།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站