ཟླ་2ཚེས་28ཉིན་ནི་བོད་ཤིང་སྦྲུལ་ལོའི་ལོ་གསར་ཚེས་གཅིག་ཡིན་ཞིང་། གནའ་གྲོང་ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་གློག་སྒྲོན་དང་དར་ཚོན་སྣ་ཚོགས་ཀྱིས་བརྒྱན་པ་དང་ཕོ་བྲང་པོ་ཏ་ལའི་མདུན་དུ“བོད་ཀྱི་ལོ་གསར་དགའ་གཏོང་བྱེད”ཅེས་པའི་བཀྲ་ཤིས་མཛེས་རྒྱན་གྱི་སྒྲོམ་སྟེགས་བཟོས་ཡོད་པ་ལས། བཀྲ་ཤིས་ཡར་ངོའི་ཟླ་ལྟར་འཕེལ་བའི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་མངོན།
བོད་ཀྱི་ལོ་གསར་ནི་ལོ་གཅིག་རིང་གི་བོད་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཉིན་དེར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གཡུལ་རྒྱལ་ནང་མིས་ནམ་མ་ལངས་གོང་ཡར་ལངས་ཏེ་ངོ་གདོང་གཙང་མར་འཁྲུས། དེ་རྗེས་གཡུལ་རྒྱལ་གྱིས་ཟངས་ལྡིར་འཁྱེར་ནས་ཁྱིམ་དང་ཐག་མི་རིང་བའི་གཙང་པོ་ནས་ལོ་གསར་པའི་ཆུ་ཕུད་བླངས། གཡུལ་རྒྱལ་གྱིས“ཆུ་འདིས་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བ་མཚོན་པ་དང་དེ་ནི་བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན”ཞེས་བཤད། གཡུལ་རྒྱལ་ཁྱིམ་གྱི་བོད་བཟོའི་ཆ་སྒམ་ཐོག་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བ་མཚོན་པའི“ཕྱེ་མར”དང“སྡེར་ཁ”སོགས་ལོ་གསར་གྱི་མཁོ་ཆས་བསྒྲིགས་པ་མ་ཟད། ལྕོག་ཙེའི་སྟེང་དུ་ཚགས་ཤ་སྐམ་པོ་དང་། ཤིང་ཏོག་སྣ་ཚོགས། ཆང་དང་ཨ་རག་བཅས་ཀྱང་བསྒྲིཌ་ཡོད། “ད་ཆ་འཚོ་བ་ཡག་ཏུ་སོང་བས་ལོ་གསར་གྱི་མཁོ་ཆས་དག་ང་ཚོ་ཆུང་དུས་ལས་ཧ་ཅང་གིས་སྣ་ཁ་འཛོམས་པ་འདུག”ཅེས་གཡུལ་རྒྱལ་གྱི་བཟའ་ཟླ་གཡུ་སྒྲོན་གྱིས་བཤད།
ཉི་མ་ཤར་བ་དང་སྦྲགས་ནང་མི་ཚང་མས་སྣམ་བུའི་ཕྱུ་པ་གྱོན་ནས་ལོ་རྒན་གཞོན་བཞིན་བསྡད་དེ“ཕྱེ་མར”བཟས་ནས་སྨོན་ཚིག་སྒྲོན་རེས་དང་ཆང་བཀྱག་རེས་བྱས་ཏེ་ལོ་གསར་པའི་ཉིན་དང་པོ་དེ་བསུས་པ་རེད། མལ་གྲོ་གུང་དཀར་རྫོང་དང་བར་ཐག་སྤྱི་ལེ་600ཙམ་ཡོད་པའི་ཇོ་རིའི་འདབས་ཀྱི་དིང་རི་རྫོང་དུ་ཡུན་རིང་མ་སོང་གོང་ས་ཡོམ་བརྒྱབ་ནས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་དེ་གར་ལོ་གསར་གྱི་རྣམ་པ་སྔར་བཞིན་མཐོང་རྒྱུ་འདུག
ས་གནས་དེ་གའི་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱས་པ་མ་ཟད། མགྱོགས་མྱུར་སྟབས་བདེའི་ཁང་པ་བསྐྲུན་ནས་མང་ཚོགས་སྒྲིག་འཛུགས་ཀྱིས་ཉེན་ཡོད་ཁང་པ་ནས་སྤོས་ཡོད་པ་རེད།
དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོར་ཁྱིམ་ཚང་ཚང་མ་སྟབས་བདེའི་ཁང་པའི་ནང་སྤོས་ཏེ་ཅོག་ཙེའི་ཐོག་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་བསྒྲིགས་ཡོད་པ་གསར་འགོད་པས་མཐོང་བྱུང་། ཚེས་27ཉིན་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་སྟེ་བོད་ཀྱི་ལོ་གསར་གྱི་དགུ་ཐུག་ཡིན། ཉིན་དེར་གྲོང་མི་ངག་དབང་ཚེ་རིང་ཁྱིམ་གྱིས་སྔ་མོ་ནས་གྲོ་ཞིབ་བརྫིས་ཏེ་དགུ་ཐུག་བཟོ་བའི་གྲ་སྒྲིག་བྱེད་འགོ་བརྩམས་ཤིང་། ཁོང་གིས་གྲོང་ཚོ་བསྐྱར་སྐྲུན་གྱི་འགན་འཁུར་མཁན་ལས་དོན་པ་སྟབས་བདེའི་ཁང་པའི་ནང་སྲོལ་རྒྱུན་གྱི་ཞིམ་ཟས་ཟ་བར་གདན་དྲངས།
“དེ་གོང་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་ཁང་པ་བསྐྱར་སྐྲུན་གྱི་གནད་དོན་ཡིན་མོད། ད་ལྟ་ལས་འགོ་མགྱོགས་མྱུར་ཚུགས་རྒྱུ་རེད་འདུག་པས་བློ་བདེ་པོ་འདུག སླད་ཕྱིན་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ཡིད་ཆེས་ཡོད”ཅེས་ངག་དབང་ཚེ་རིང་གིས་དགུ་ཐུག་འཐུང་གིན་གསར་འགོད་པར་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་དེ་ལྟར་བརྗོད།
ལོ་གསར་ཚེས་གཅིག་ཉིན་ངག་དབང་ཚེ་རིང་གི་ནང་མི་ཚོས་སྲོལ་རྒྱུན་གྱི་གཟབ་མཆོར་སྤྲས་པ་དང་རྒྱན་ཆ་བཏགས་ཏེ་ཕྱེ་མར་ཟ་བ་དང་ནས་ཆང་འཐུང་བ་སོགས་བྱས། ཉིན་དགུང་ནང་མི་ཚང་མ་གྲོང་མི་གཞན་དང་མཉམ་དུ་སྟབས་བདེའི་ཁང་པའི་མདུན་གྱི་ས་སྟོང་དུ་འཛོམས་ནས་སྒོར་གཞས་འཁྲབ་པ་རེད།
ལོ་གསར་པར་རྣམ་པ་གསར་པ་མངོན་ཞིང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཚོས་རེ་བས་ཁེངས་པའི་ལོ་གསར་པ་བསུས་པ་རེད།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站