“ལས་གཏོད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་བཅངས་ཏེ་ཕུགས་བསམ་གྱི་གནས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་ཞེན་བྱེད་ཟབ་ཏུ་གཏོང་བ། ཕྱུག་པོ་ཆགས་ན་འབྱུང་རྩ་བརྗེད་མི་རུང་བ་དང་ཕྱུག་པོ་ཆགས་ན་ཡར་རྒྱས་འགྲོ་རྒྱུ་བརྗེད་མི་རུང” དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་པར་ཐུགས་རེ་ཟབ་མོ་གནང་བ་སྟེ། “རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་པ་བཅངས་ཏེ་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་དང་། ཁྲིམས་སྲུང་དང་གཉེར་སྐྱོང་བྱེད་མཁས་པ། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་ཐུན་མོང་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་ནན་བཤད་གནང་བ་རེད།
ཁེ་ལས་ནི་གཉེར་སྐྱོང་བྱེད་པོ་ཡིན་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ནི་ཨང་དང་པོ་རེད། དམངས་གཉེར་དཔལ་འབྱོར་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་གསར་དམག་གི་ནུས་པ་འདོན་སྤེལ་བྱེད་པར། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་པས་སྒྲུབ་ཕོད་པ་དང་ལས་དོན་སྒྲུབ་མཁས་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་གཏོད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་འཆང་བ”དང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ” “ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་ལྟར་ཁེ་ལས་བཅོས་སྐྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ” “ཡིད་རྟོན་ཁྲིམས་སྲུང་དང་གཉེར་སྐྱོང་མཐའ་འཁྱོངས་བྱེད་པ”“སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་བ”བཅས་ཀྱི་བླང་བྱ་བཏོན་པའི་ནང་། ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་དམངས་གཉེར་ཁེ་ལས་མཁས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཐུགས་རེ་ཟབ་མོ་གནང་ལུགས་འདུས་ཡོད་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ནས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་པར་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་མཁན་ཞིག་བློ་བརྟན་འགྱུར་མེད་ངང་བྱེད་པར་སྐུལ་འདེད་གཏོང་བ་དང་ལྕག་སྐུལ་གནང་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཡིན་ལ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐྱོད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར“གསར་པའི”ཕྱོགས་སུ་སྐྱོད་པ་དང“མཐོ་བའི”ཕྱོགས་སུ་འཛེག་བཞིན་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་ཟབ་མོ་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། དམངས་གཉེར་ཁེ་ལས་ཀྱིས་འཕེལ་ཕྱོགས་དེ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་ངེས་གནས་ཡང་དག་བཙལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ཚེ་དཔལ་འབྱོར་གྱི་རྣམ་པ་གསར་པའི་ཁྲོད་འགྲན་རྩོད་ནུས་ཤུགས་རྒྱུན་འཁྱོངས་ཐུབ་ངེས་རེད།
ཕྱོགས་གཅིག་ནས་དམངས་གཉེར་དཔལ་འབྱོར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཧྭ་ཝེ་དང་། པི་ཡ་ཏི། ཉིང་ཏེ་དུས་རབས་སོགས་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་རྫས་དེ་རིན་ཐང་འཁོར་འབྲེལ་གྱི་ཐོན་རྫས་ལེགས་གྲས་དང་འབྲིང་གྲས་ཀྱི་ཕྱོགས་སུ་སླེབས་པར་སྐུལ་འདེད་བཏང་བ་ནས་ཀྲེ་ཅང་དང་ཀོང་ཏུང་སོགས་ས་ཁུལ་གྱིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བརྒྱུད་དམངས་གཉེར་དཔལ་འབྱོར་གྱི་འཕར་གཞི་སྐྱེད་སྲིང་བྱེད་པའི་བར་དང་། དེ་ནས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ”དང“གྲོང་ཁྱེར་བརྒྱ་དང་། སློབ་གྲྭ་སྟོང་། ཁེ་ལས་ཁྲི”བཅས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བའི་བར། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་གྱིས་འཕར་ཚད་བརྟན་དུ་གཏོང་བ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བ། ལས་ཞུགས་མང་དུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་མེད་དུ་མི་རུང་བའི་ནུས་པ་བཏོན་ཡོད།
ཕྱོགས་གཞན་ཞིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ཐོག་མར་ནང་འདྲེན་རྒྱུ་ཆ་ལས་སྣོན་བྱེད་པ་ནས་རང་ཉིད་ཀྱི་སྤུས་རྟགས་གསར་གཏོད་བྱེད་པའི་བར་རྒྱལ་སྤྱིའི་རླབས་རྒྱུན་ལ་སྣེ་ཁྲིད་བྱས་ཏེ། ཧྥུའུ་ཅན་དང་ཀྲེ་ཅང་སོགས་ས་ཁུལ་གྱི་གྱོན་ཆས་དང་ཞྭ་ལྷམ་ཐོན་སྐྱེད་ཀྱི་དམངས་གཉེར་ཁེ་ལས་ཁག་གཅིག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། དེའི་རྒྱུ་རྐྱེན་ཧ་ཅང་གལ་ཆེ་བ་ཞིག་ནི་ལོ་བཅུ་ཕྲག་ཁ་ཤས་རིང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལས་རིགས་དེ་ག་རང་རྒྱུན་སྲིང་ལག་བསྟར་བྱས་པས་རེད། ལག་ལེན་ལས་ང་ཚོར་བརྗོད་དོན། ལས་སྒོ་གཙོ་བོ་བརྟན་སྲུང་དང་ཁེ་ལས་སྟོབས་ཆེར་གཏོང་བ་ནི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཆེན་པོ་ཡོང་བཞིན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རྩལ་ལ་བརྟེན་ནས་མདུན་སྐྱོད་བྱེད་དགོས།
བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་བཅོས་སྐྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁེ་ལས་ཀྱི་ཤུལ་འཛིན་པ་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བར། དོན་དངོས་ཀྱི་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། ལམ་ལུགས་ནི་ཁེ་ལས་དོ་དམ་གྱི་རྨང་རྡོ་ལྟ་བུ་ཡིན་པས། ལོ་བརྒྱའི་ཚོང་ཁང་རྙིང་པ་བཙུགས་ཏེ་རྒྱུན་ལྗང་ལྗོན་ཤིང་ལྟ་བུར་འགྱུར་དགོས་ན། ངེས་པར་དུ་སྔོན་ཐོན་གྱི་དོ་དམ་ལམ་ལུགས་ཡོད་དགོས། ལྷག་པར་དུ་གྲངས་འཛིན་དཔལ་འབྱོར་དང་དཔལ་འབྱོར་གོ་ལ་ཅན་མཉམ་འདྲེས་གཏིང་ཟབ་ཡོང་བའི་དེང་གི་དུས་འདིར། དོ་དམ་ལམ་ལུགས་དང་བཅོས་སྐྱོང་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ལེགས་སྒྲིག་བྱས་ཚེ་གཞི་ནས་ཕྱི་རོལ་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་གཅོག་ཐུབ་པ་དང་། ནང་ཁུལ་འཕེལ་རྒྱས་ཀྱི་འཇུར་མིག་ལས་ཚད་བརྒལ་ཡོང་ཐུབ་པ། འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་དེ་བས་ལེགས་པར་བྱེད་ཐུབ། ཁེ་ལས་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེཌ་བྱས་ཏེ། རྐང་བདག་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་འགོག་ཟོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ངལ་རྩོལ་དང་། ཤེས་ལྡན་པ། ཤེས་བྱ། ལག་རྩལ། མ་རྩ། གྲངས་གཞི་སོགས་ཐོན་སྐྱེད་ཀྱི་གཙོ་རྒྱུ་བེད་སྤྱོད་དང་། དོ་དམ། སྲུང་སྐྱོང་བཅས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཆེན་པོའི་ཁྲོད་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པར་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད། ད་ཆ་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གཟི་བརྗིད་ལྡན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་འཁྲི་དང་དུ་ལེན་དགོས། དུས་རབས་ཀྱིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་པར་ལས་གཏོད་ཀྱི་ལོ་རྒྱུས་གསར་པ་རྩོམ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དུས་རབས་ཀྱི་གོ་སྐབས་དམ་འཛིན་གྱིས་བརྩོན་སེམས་ཆེ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་གསར་གཏོད་དོན་གཉེར་དང་དཀའ་ངལ་ཁྱད་བསད་ཀྱིས་འབད་འཐབ་མདུན་སྐྱོད་བྱེད་ངེས་རེད།
རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།
中央部门网站
自治区部门网站
地(市)委部门网站
相关新闻网站