ཕན་ཚུན་ལྟ་སྐྱོང་བྱས་ནས་དུས་ངལ་མཉམ་དུ་བསལ།

发布时间:2025年02月07日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཟླ་1ཚེས་7ཉིན་གྱི་སྔ་དྲོར། ལག་ཐོགས་ཁ་པར་གྱི་ས་ཡོམ་ཉེན་བརྡ་རྣ་བར་སུན་པོ་ཞིག་གྲགས།

དེ་ནི་གཏོར་བཤིག་རང་བཞིན་གྱི་ཡོམ་རླབས་མེད་པའི་ས་ཁོངས་སུ་བཏང་བའི་ཉེན་གཡོལ་ཉེན་བརྡ་ཞིག་ཡིན་ལ། ཡོམ་འགོག་གེགས་སེལ་གྱི་དུང་བརྡ་བཏང་བ་ཞིག་ཀྱང་རེད།

ཕྱོགས་ཁག་གི་སྟོབས་ཤུགས་འཕྲལ་མ་ཉིད་དུ་གེགས་ཁུལ་དུ་བསྐྱོད་པ་དང་དངོས་ཟོག་སྣ་ཚོགས་མཚན་མོ་དེ་རང་དུ་གེགས་ཁུལ་དུ་དབོར་འགོ་ཚུགས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”ནང་དོན་ཟབ་མོར་གསལ་བཤད་བྱས་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཞིན་བརྩམས་ཏེ། ཀུན་སེམས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

ཀུན་སེམས་གཅིག་སྒྲིལ་གྱིས་ཡོམ་འགོག་གི་ལྕགས་རི་རིང་པོ་བསྐྲུན་པ།

ཏང་དང་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། མི་དམངས་མང་ཚོགས་ཀྱི་བདེ་སྡུག་ནམ་ཡང་གནས་བབ་གལ་ཆེན་ལ་འཇོག་གི་ཡོད།

གནོད་འཚེ་ནི་བཀའ་རྒྱ་རེད། ཕྱོགས་ཁག་གིས་འཕྲལ་དུ་དང་ལེན་ཞུས་ནས་འཕྲལ་སྡོམ་ལམ་སྲོལ་འཁོར་སྐྱོད་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས།

གནོད་འཚེའི་ཉེན་ཁ་ཆེ་ཤོས་ཀྱི་སར་སྟོབས་ཤུགས་གཅིག་བསྒྲིལ་བྱས་པ།

བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྟོབས་ཤུགས་མང་པོ་ས་ཡོམ་གེགས་ཁུལ་དུ་བསྐྱོད་ནས་རོགས་སྐྱོབ་བྱས་པ་དང་། བོད་ཀྱི་རིམ་ཁག་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་གསོད་རོགས་སྐྱོབ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་བཅས་ཀྱིས་གྲང་ངར་ལ་མ་འཛེམས་པར་དུས་ཚོད་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ས་གནས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་པ་དང་། བོད་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་གེགས་ཁུལ་དུ་བསྐྱོད་དེ། ནད་བཅོས་སྲོག་སྐྱོབ་དང་རིམས་ནད་སྔོན་འགོག་བྱས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱས་པ།

འབྲེལ་ཡོད་སྡེ་ཚན་ཁག་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་པའི་གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ། དྲོད་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་བཟོས་པ་དང་། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་ཚ་ཚ་འུར་འུང་ངང་སྟབས་བདེའི་ཁང་པ་བསྐྲུན་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ། མང་ཚོགས་བདེ་འཇགས་དང་དྲོ་སོབ་སོང་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱས་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་མངགས་པ་དང་། ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་གཏོང་སྤྲོད་བྱས་པ། ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྔོན་ཚུད་ནས་བཏང་བ། འཕྲལ་སྡོམ་དངོས་ཟོག་སྐོར་གྱི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་འགན་སྲུང་ལམ་སྲོལ་ལག་བསྟར་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ལས་དོན་ནུས་ཤུགས་ཡོད་རྒྱུས་ལེགས་པར་བསྒྲུབས་པ།

འབྲེལ་ཡོད་ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུད་ཀྱིས་ལས་དོན་ཚོགས་ཆུང་མང་པོ་བོད་དུ་མངགས་ནས་བཀོད་འདོམས་བཀོད་གཏོང་དང་། སྒྲིག་འཛུགས་མཐུན་སྦྱོར། དཔྱད་དཔོག་མཛུབ་ཁྲིད། ཉེན་སེལ་གུད་སྐྱོབ། ལག་རྩལ་འདེགས་སྐྱོར། རོགས་སྐྱོབ་དོན་འཁྱོལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ།

རྒྱལ་ཡོངས་ཀྱི་དགེ་སྒྲུབ་རྩ་འཛུགས་ཀྱིས་འཕྲལ་དུ་བརྡ་ལན་ཞུས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་གེགས་སེལ་དགེ་སྒྲུབ་ཞལ་འདེབས་བརྒྱབ་པ།

བོད་ཀྱི་རིམ་ཁག་སྲིད་གཞུང་གིས་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བཟའ་བཅའ་དང་། སྨན་རྫས། གུར། སྲིང་བལ་གྱི་སྟོད་ཐུང་སོགས་གེགས་སེལ་དངོས་ཟོག་འབོར་ཆེན་མགྱོགས་མྱུར་ངང་བསྡུ་རུབ་བཅས་བྱས་པ་རེད།

དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མ་བཏང་བར་རོགས་སྐྱོབ་བྱས་པས་འགན་སྲུང་ཁག་ཁག་རིམ་བཞིན་དམིགས་སར་འབྱོར་ཞིང་། ཚེས་7ཉིན་གྱི་ཆུ་ཚོད་22ཡོལ་ཙམ་ལ། ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་དང་པོ་དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་དུ་འབྱོར་བ་དེའི་ནང་སྲིང་བལ་གུར་དང་། སྲིང་བལ་གྱོན་ཆས། སྲིང་བལ་ཕོ་ཁེབས་སོགས་5800ལྷག་ཙམ་ཚུད་ཡོད་པ་རེད། གནོད་འཚེ་ཕོག་པའི་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ་གུར་གཅིག་རྗེས་གཉིས་མཐུད་ངང་ཕུབ་པ་དང་ཐབ་ཆས་བཙུགས་ནས་ལྟོ་ཆས་བཟོས་ཏེ་མང་ཚོགས་བཀོད་སྒྲིག་བྱས་ཡོད།

སེམས་ཤུགས་གཅིག་སྒྲིལ་གྱིས་གེགས་སེལ་གྱི་མཉམ་ཤུགས་གཅིག་ཏུ་འགྲིལ་བ།

ས་ཡོམ་གྱི་གནས་ཚུལ་ཁྱབ་རྗེས། བོད་ཀྱི་ལས་རིགས་ཁག་གི་སྟོབས་ཤུགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བརྡ་ལན་དང་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་གཅེས་སེམས་ཟབ་བཅངས་དང་ནུས་ཤུགས་ཡོད་རྒུས་གེགས་ཁུལ་གྱི་མང་ཚོགས་ལ་དཀའ་ངལ་སྒྲོལ་རོགས་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་གདེང་ཚོད་ཆེ་རུ་བཏང་བས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཐུན་སྒྲིལ་དང་དྲོ་སྐྱིད་ཀྱི་རྣམ་པ་ཇོ་རིའི་འདབས་སུ་ཁྱབ་པར་བྱས།

ཉིན་འགའི་རིང་། རླངས་འཁོར་གྲངས་མེད་ཉིན་མཚན་མེད་པར་རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་དང་གྲོང་གསེབ་ཀྱི་ལམ་དུ་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་བཞིན་ཡོད།

སྲིང་བལ་ཕོ་ཁེབས་དང་། གུར། བྱ་སྤུའི་སྟོད་གོས། ལྕགས་ཐབ། གློག་གཏོང་འཕྲུལ་འཁོར། འབྲས། ཚགས་ཤ་དང་ལུག་ཤ་སོགས་རོགས་སྐྱོབ་དངོས་ཟོག་རྒྱུན་ཆད་མེད་པར་གེགས་ཁུལ་དུ་འབྱོར་ཡོད།

སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་། སེམས་ཁམས་ཟུར་ཁྲིད་ཚོགས་ཆུང་། ཆེད་ལས་རོགས་སྐྱོབ་རུ་ཁག འཕྲལ་སྡོམ་ཉེན་སྐྱོབ་རུ་ཁག དང་བླངས་ཞབས་ཞུའི་རུ་ཁག་སོགས་ཕྱོགས་ཁག་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཡོམ་ལྟེའི་ཁུལ་དུ་འོང་།

དིང་རི་ནི་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་གི་གྲས་ཤིག་རེད། ས་ཡོམ་བརྒྱབ་རྗེས་ཧྲང་ཧའེ་རུ་འཁོར་ཤག་ལ་ལོག་པའི་བོད་སྐྱོར་ལས་བྱེད་པ་དང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཚོགས་པ། དགེ་རྒན་ཚོགས་པ་བཅས་དང་བོད་ལྗོངས་དོན་གཅོད་ཁྲུའུ་རུ་བཅའ་སྡོད་གྲོང་ཁྱེར་སྲིད་གཞུང་གི་ལས་སྒྲུབ་པ་5བཅས་ཉིན་གཉིས་ནང་སྔ་རྗེས་སུ་ལས་གནས་སུ་ལོག་ནས་ཡོམ་འགོག་གེགས་སེལ་ལས་དོན་ནང་ཞུགས་པ་རེད།

ཧྲེན་ཀྲེན་དམངས་ཁྲོད་རོགས་སྐྱོབ་རུ་ཁག་གི་སྔོན་སྐྱོད་རུ་དཔོན་ཀྲང་ཅུན་པའོ་ཡིས། ད་ཐེངས་ཀྱི་རོགས་སྐྱོབ་ནི་ཧང་སངས་དགོས་པ་ཞིག་དང་སེམས་འགུལ་ཆེན་པོ་ཐེབས་དགོས་ཞིག་པ་རེད། ས་གནས་ཁག་ནས་ཡོང་བའི་གེགས་སེལ་དངོས་ཟོག་དང་རོགས་སྐྱོབ་སྟོབས་ཤུགས་རྒྱུན་ཆད་མེད་པར་གེགས་ཁུལ་དུ་འབྱོར་བས། རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཆགས་པའི་སྟོབས་ཤུགས་ཆེན་པོ་ཞིག་ངང་གིས་ཚོར་བྱུང་ཞེས་བཤད།

ས་ཡོམ་བརྒྱབ་པའི་ཉིན་གཉིས་པ་ནས་བཟུང་། བཀོད་སྒྲིག་བྱ་ཡུལ་གྱི་རོགས་སྐྱོབ་མི་སྣ་དང་གནོད་འཚེ་ཕོག་པའི་མང་ཚོགས་མི་ཉུང་བ་ཞིག་ལ་འཕྲལ་སྡོམ་ཟས་རིགས་ཕུད། ད་དུང་ཧུའུ་ནན་གྱི་ཚལ་དང་། བོད་ཐུག ལན་ཀྲོའུ་ཡི་འཐེན་ཐུག ཚགས་ཤ་དང་ལུག་ཤའི་ཕིང་ཐང་། ཤིན་ཅང་གི་ཟ་མ་སོགས་ལྟོ་ཚ་པོ་ཟ་རྒྱུ་བྱུང་བས། དེ་ཐོག་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཁྱིམ་གཞིས་ལ་གོད་ཆག་བྱུང་བའི་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་བརྩེ་བ་ཟབ་མོ་འཆང་བ་མཚོན་ཐུབ།

ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་རོགས་སྐྱོབ་དངོས་ཟོག་ཆུ་རླབས་བཞིན་གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་འབྱོར།

ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་གྱིས་ཛ་དྲག་ངང་རོགས་སྐྱོབ་དངོས་ཟོག་ཏུན་18གྲབས་གསོག་བྱས་ནས་གཙང་གླས་གནམ་གྲུ་བརྒྱུད་གཞིས་རྩེའི་ས་ཡོམ་གེགས་ཁུལ་དུ་བསྐྱལ།

སི་ཁྲོན་ཞིང་ཆེན་གྱིས་རོགས་སྐྱོར་བྱས་པའི་འཚོ་བའི་དངོས་ཟོག་ཏུན་850དང་སྟབས་བདེའི་ཁང་པ་400ཆེད་གཏོང་མེ་འཁོར་བརྒྱུད་ནས་གཞིས་རྩེར་བདེ་བླག་ངང་འབྱོར།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་32ཙམ་ནང་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་ཀྱིས་བོད་ལྗོངས་དིང་རི་རྫོང་གི་གེགས་འགོག་གེགས་སེལ་ལ་བསྡོམས་སྒོར་ཁྲི་24479.2ཞལ་འདེབས་ཕུལ་བ་དང་། མི་ཐེངས་ཁྲི་170ལྷག་ཙམ་གྱིས་དྲ་སྦྲེལ་གྱི་ཡོངས་བསྒྲགས་ཞལ་འདེབས་ཞབས་ཞུའི་སྟེགས་བུ་བརྒྱུད། དགེ་སྒྲུབ་རྩ་འཛུགས་121གིས་སྤེལ་བའི་རྣམ་གྲངས་ལ་ཞལ་འདེབས་ཕུལ་བ་རེད།

ཀུན་སེམས་གཅིག་ཏུ་བསྒྲིལ་ནས་བསྐྱར་སྐྲུན་གྱི་གདེང་ཚོད་འཕེལ་བར་བྱས་པ།

“ང་ཏང་ཡོན་ཡིན་པས། ངེས་པར་དུ་འགྲོ་དགོས”“ང་ཏང་ཡོན་ཡིན་པས། འཕྲལ་རྒོལ་རུ་ཁག་ལ་ངེས་པར་དུ་ང་ཡོད་དགོས”ལ་སོགས་གེགས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་དུ་དམངས་ཀྱི་བདེ་སྡུག་ཆེད་གེགས་ཁུལ་དུ་བྲེལ་བཞིན་ཡོད།

དིང་རི་རྫོང་གིས་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་གནས་སྐབས་ཏང་ཀྲི་པུའུ་36དང་། མིང་སྦྱར་ཏང་རྩ་འཛུགས་23 མི་3900ལྷག་ཙམ་ཡོད་པའི་ཏང་ཡོན་རོགས་སྐྱོར་ཞབས་ཞུ་རུ་ཁག་264བཅས་བཙུགས་པ་མ་ཟད། ལས་བྱེད་པ་400ལྷག་ཙམ་ཡོམ་འགོག་གི་འཐབ་ཕྱོགས་དང་པོར་འགན་ལྕི་པོ་འཁུར་བ་དང་གདོང་ལེན་བྱེད་པར་མངགས་ཡོད།

གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གི་གཞི་རིམ་བུད་མེད་ལས་བྱེད་པས་རང་འགུལ་ངང་བུད་མེད་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་དངོས་ཟོག་བསྡོམས་རྩིས་དང་དབོར་འདྲེན་སོགས་ཀྱི་ལས་འགན་ཁུར་ཡོད། “བུ་མོ་ཚོ་དུས་རྒྱུན་གཙང་སྦྲར་དང་དོད་ཆེ་བ་དང་ངལ་ལས་བྱེད་མ་མྱོང་ཡང་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་སེམས་ལ་དྲན་དུས་རྒྱ་མ་ལྔ་བཅུ་དྲུག་ཅུ་ཡོད་པའི་འབྲས་འཁུར་དགོས་བྱུང་ཡང་སྡུག་སྐད་གཏན་ནས་རྒྱག་མྱོང་མེད”ཅེས་ཀོ་ལྕག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཁྲན་གྱི་སྐད་གདངས་འཇམ་ཡང་ཉན་དུས་སྣ་རྩ་སྦྲིད་པ་བྱེད།

ལྷ་རྩེ་རྫོང་མང་ཕུ་ཤང་རྟ་ལུང་གྲོང་ཚོའི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གིས་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་དང་། དངོས་ཟོག་བཀོད་གཏོང་ཁག་བགོས། མང་ཚོགས་ཀྱི་སེམས་ཁམས་གསོ་བ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་182ཀྱི་མང་ཚོགས་820ལྷག་ཙམ་བཀོད་སྒྲིག་ཡག་པོ་བྱས་ཡོད།

དིང་རི་རྫོང་ཆུ་ལྷོ་ཤང་གཙོ་མཚོ་གྲོང་ཚོར། ས་གནས་དེ་གའི་དམག་ཞབས་ཐིམ་པའི་དམག་མི་དང་། བུ་བཅོལ་ཁང་གི་དགེ་རྒན། ཏང་ཡོན་ལས་བྱེད་པ། སློབ་འབྲིང(སློབ་ཆེན)སློབ་མ་སོགས་ལས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་ཞིག་གིས་བྲེལ་འཚུབ་ཆེན་པོས་དངོས་ཟོག་དབོར་འདྲེན་བགོ་འགྲེམས་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་། མཚན་མོར་སྐོར་གཡེང་སོགས་བྱས་ནས། ཕ་ཡུལ་ལ་བཅངས་པའི་བརྩེ་བ་དེ་ཁྱིམ་གཞིས་སྲུང་སྐྱོང་དང་བསྐྱར་སྐྲུན་གྱི་བྱ་སྤྱོད་ཞིབ་ཕྲར་བསྒྱུར་ཏེ་ད་ལྟའི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།

གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་ཡུལ་མི་བུ་ཁྲིད་ཀྱིས“ལོ་ཤས་རིང་ཏང་དང་སྲིད་གཞུང་གི་དམིགས་བསལ་ཐུགས་ཁུར་འོག་ང་ཚོའི་འཚོ་བར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་ནས་ཚང་མའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད། ད་ཐེངས་རང་བྱུང་གནོད་འཚེ་ཕོག་ཀྱང་། ང་ཚོར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་གདེང་ཚོད་ཆེན་པོ་ཡོད”ཅེས་བཤད།

རྩོམ་སྒྲིག་པ། ལྷག་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com