པེ་ཅིང་གི་དུས་ཚོད་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད།
མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་དགོས། གེགས་ཁུལ་མང་ཚོགས་ཀྱི་བདེ་སྡུག་ལ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱིས་སེམས་ཁུར་ཟབ་མོ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞིས་རྩེའི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ས་ཡོམ་བརྒྱབ་རྗེས་མཛུབ་སྟོན་གལ་ཆེན་གནང་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ། བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད། ཙུང་ལི་ལི་ཆང་གིས་ཉེན་སེལ་རོགས་སྐྱོབ་དང་། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་སོགས་ལ་བཀོད་སྒྲིག་གནང་ནས་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་གེགས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་བྱམས་སྐྱོང་དང་ཐུགས་ཁྲལ་ཟབ་མོ་གནང་ལུགས་གང་ལེགས་གནང་ལུགས་མཚོན་ཡོད་ལ། ང་ཚོར་མིག་སྔའི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པ་དང་དམག་འཐབ་ཆེན་པོ་དང་དྲག་པོ་འདིར་རྒྱལ་ཁ་ལེན་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་དང་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་བཏང་ཡོད།
གནོད་འཚེ་ནི་བཀའ་རྒྱ་དང་རོགས་སྐྱོབ་ནི་འགན་འཁྲི་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་དུ་བཀོད་གཏོང་བཀོད་སྒྲིག་གནང་བ་དང་འབྲེལ་ཡོམ་ཁུལ་དུ་བཀོད་འདོམས་གནང་བར་ཕེབས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་གནོད་འཚེ་ཕོག་ཁུལ་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་མགྱོགས་མྱུར་བསྡུ་རུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨས་མ་འཚོལ་སྐྱོབ་དང་སྐྱོབ་བཅོས་ཡག་པོ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ། ཡོམ་འཕྲོ་དང་དྲོད་ཚད་དམའ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་བཀག་འགོག་ནན་པོ་བྱེད་པ་སོགས་ཡོམ་འགོག་གེགས་སེལ་ལས་དོན་ཁག་མྱུར་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། འཕྲལ་དུ་རོགས་སྐྱོབ་སྟོབས་ཤུགས་མངགས་ནས་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་མི་སྣ་འཚོལ་སྐྱོབ་བྱས་ཏེ་མི་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱས་པ་དང་། འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་པ་དང་བཟའ་བཅའ་དང་འཚོ་བའི་མཁོ་ཆས་བཀོད་སྒྲིག་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གྱོན་ཆས་གྱོན་རྒྱུ་ཡོད་པ་དང་། ཁ་ལག་ཟ་རྒྱུ་ཡོད་པ། མི་འཁྱགས་པ་བཅས་ཀྱི་འགན་ལེན་བྱས་པ། འཕྲལ་དུ་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་སོགས་མྱུར་བཟོའི་ལས་དོན་སྤེལ་བར། མིག་སྔར། ས་ཡོམ་བརྒྱབ་ནས་ལུག་པའི་ལམ་ཚང་མ་ཤར་གཏོང་ཐུབ་པ་དང་། ས་ཡོམ་གྱི་ལྟེ་བའི་ཁུལ་ཡིན་པའི་གྲམ་སོ་དང་། མཚོ་སྒང་། ཆུ་ལྷོ་བཅས་ཤང་དང་གྲོང་རྡལ་གསུམ་གྱི་སྒུལ་བདེའི་དྲ་རྒྱ་དང་གློག་ཤུགས་ཚང་མ་སླར་གསོ་ཐུབ་ཡོད། འཕྲལ་དུ“ལེབ་བཤེར་རྣམ་པའི”ས་ཡོམ་རྗེས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་བཏང་ནས། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱས་པ་སོགས་བགྲང་དཀའ་བའི“འཕྲལ་དུ”ཞེས་པ་མང་པོའི་རྒྱབ་ནས་མངོན་པ་ནི་མྱུར་བ་དང་། ལས་ཕྱོད་མཐོ་བ། ནུས་ཆེ། གོ་རིམ་ལྡན་པ་བཅས་ཀྱི་རོགས་སྐྱོབ་བྱ་སྤྱོད་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་རེད།
དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་ཚེ་སྲོག་ལ་སྲུང་སྐྱོབ་བྱེད། མིག་སྔར། གོ་སྐབས་ལ་དམ་འཛིན་དང་དུས་ཚོད་ལ་དམ་འཛིན་བྱས་ནས། མི་སྣ་མྱུར་སྐྱོབ་བྱེད་རྒྱུ་ནི་ཡོམ་འགོག་གེགས་སེལ་གྱི་གལ་ཆེའི་ནང་གི་འགངས་ཆེ་རེད། རིམ་པ་ཁག་དང་ཕྱོགས་ཁག་གིས་ཚེ་སྲོག་མྱུར་སྐྱོབ་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། ཚན་རིག་དང་མཐུན་པའི་ངང་ཆེད་ལས་ཀྱི་སྐྱོབ་སྲུང་སྟོབས་ཤུགས་བཀོད་སྒྲིག་དང་། རོགས་སྐྱོབ་དུས་ཚོད་ཡག་ཤོས་ལ་དམ་འཛིན། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་ཤི་རྨས་ཉུང་དུ་གཏོང་དགོས། ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་མྱུར་བཟོ་དང་ཆུ་མཛོད་དང་། རི། གློག་ཁང་། ཆུ་ལམ་སོགས་གནད་གཙོ་བོ་ཁག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཞོར་ཐོན་གནོད་འཚེས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་གསར་པ་ཕོག་རྒྱུ་སྔོན་འགོག་ནན་པོ་བྱེད་དགོས། ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་རྗེས་སྙེག་ཞིབ་འཇུག་བརྡར་དཔྱོད་དང་། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན། བདེ་འཇགས་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་པ། མེ་སྐྱོན་སྔོན་འགོག་ནན་པོ་བྱེད་པ། འཕྲོད་བསྟེན་རིམས་འགོག་ལ་དམ་འཛིན་ཡག་པོ་བྱེད་པ། ཆམ་རིམས་སྔོན་འགོག་སོགས་ཀྱི་སྨན་རྫས་བཀོད་སྒྲིག་བྱེད་པ། བཟའ་བཅའ་དང་འཐུང་ཆུའི་འཕྲོད་བསྟེན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་སྲིང་བལ་གྱི་གུར་དང་། སྲིང་བལ་གྱི་གྱོན་ཆས། སྲིང་བལ་གྱི་ཉལ་ཆས། ཁྲོ་ཐབ་སོགས་དངོས་ཟོག་བསྡུ་རུབ་གང་མགྱོགས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་། ཆུ་ཁོལ་འཐུང་རྒྱུ་ཡོད་པ། གུར་ནང་སྡོད་རྒྱུ་ཡོད་པ། དྲོ་སོབ་སོབ་ངང་མཚན་མོ་སྐྱེལ་ཐུབ་པ། གཉེན་ཉེའི་བརྩེ་སེམས་ཚོར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།
ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད། ས་ཡོམ་བརྒྱབ་རྗེས། སྤྱི་ཚོགས་ལས་རིགས་ཁག་གིས་དང་ལེན་ཧུར་ཐག་ཞུས་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་འཕྲལ་མར་རོགས་སྐྱོར་བྱས་པས། གཞིས་རྩེར་སྐྱོད་པའི་ལམ་བར་དུ་བརྩེ་སེམས་ཆེན་པོས་ཁེངས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ལ་དྲོ་སྐྱིད་དང་རེ་བ་སྦྱིན་ཡོད། ས་ཡོམ་བརྒྱབ་རྗེས་ཀྱི་མཚན་མོ་དང་པོར་བཀོད་སྒྲིག་ས་ཚིགས་སུ་གུར་ཕུབ་ཟིན་པ་དང་གློག་ཤར་གཏོང་ཐུབ་ནས། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་དྲོ་སོབ་སོབ་ཀྱི་གུར་ནང་སྡོད་རྒྱུ་བྱུང་བ་ལ་སོགས། སེམས་འགུལ་ཐེབས་པའི་རྣམ་པ་རེ་རེ་ལས། མཐོ་གྲང་གསོ་རླུང་མི་འདང་བའི་ཡོམ་ཁུལ་དུ་མི་སེམས་རབ་ཏུ་འགུལ་འོང་། རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ལས། གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཐེབས་ནས་ཡོམ་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་སོང་ཡོད།
དམངས་སེམས་གཅིག་མཐུན་བྱས་ན་བརྒལ་མི་ཐུབ་པའི་རི་བོ་མེད་ལ། བློ་སེམས་གཅིག་སྒྲིལ་བྱས་ཚེ་སྒྲོལ་མི་ཐུབ་པའི་དཀའ་ངལ་མེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱུན་སྲིང་ལྷོད་མེད་དང་ནུས་ཤུགས་ཡོད་རྒུ་འདོན་པ་དང་། རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་དེ་བས་ནུས་ལྡན་གྱི་བྱ་ཐབས་དང་། དེ་བས་ཚན་རིག་དང་མཐུན་པའི་ཐབས་ཤེས། དེ་བས་གནད་ལ་འཁེལ་བའི་བཀོད་སྒྲིག་བཅས་ལ་བརྟེན་ནས། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབས་ཏེ། ས་ཡོམ་གྱི་གནོད་འཚེ་ལས་བྱུང་བའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་བཏང་ནས། གནོད་འཚེ་ཕོག་པའི་མང་ཚོགས་དང་། ཏང་དང་མི་དམངས་བློ་བདེ་པོ་ཡོང་བར་བྱེད་དགོས།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站