སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་ཟླ་10པར་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རིག་ལག་རྩལ་གྱིས་སྣེ་ཁྲིད་བྱེད་དགོས་ལ་ཚན་རྩལ་གསར་གཏོད་ནི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད་ཅེས་གསུངས་ཡོད། རྣམ་བཤད་གལ་ཆེན་དེའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་རྒྱས་བཤད་གཏིང་ཟབ་བྱས་ཡོད།
ལོ་རྒྱུས་ཐོག་ཀྲུང་ཧྭ་མི་རིགས་ཀྱིས་དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གྲངས་མེད་བཏོད་ཡོད། ལྷག་པར་དུ་ཕྱོགས་སྟོན་འཁོར་ལོ་དང་། ཤོག་བཟོ། མེ་རྫས། པར་འདེབས་ལག་རྩལ་བཅས་མཚོན་བྱེད་དུ་བྱས་པའི་གསར་གཏོད་ཆེན་པོ་བཞི་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྔོན་ཚུད་དུ་སླེབས་ནས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། ཉེ་རབས་ཚུན་དུ། ཚན་རྩལ་རྗེས་ལུས་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཞན་པས། ནུབ་ཕྱོགས་ཀྱི་ཅུང་སྟོབས་ཤུགས་ཆེ་གྲས་ཀྱིས་དམག་གྲུ་དང་མེ་སྒྱོགས་ལ་བརྟེན་ནས་རང་རྒྱལ་ལ་བཙན་འཛུལ་བྱས་ནས་ཀྲུང་ཧྭ་མི་རིགས་ལ་སྡུག་བསྔལ་ཚད་མེད་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་མོལ་ཚིག་གཅིག་གི་ཐོག་ནས་དེའི་ནང་འདུས་པའི་གཏིང་ཟབ་པའི་གཏན་ཚིགས་གསལ་སྟོན་གནང་བ་སྟེ“ལོ་རྒྱུས་ཀྱིས་ང་ཚོར་བདེན་དོན་ཞིག་གསལ་བཤད་བྱས་ཡོད། རྒྱལ་ཁབ་ཅིག་སྟོབས་དང་ལྡན་མིན་ཕྱོགས་རྐྱང་པའི་དཔལ་འབྱོར་གྱི་སྤྱི་འབོར་ཁོ་ནར་བརྟེན་ནས་གཏན་འཁེལ་བྱེད་མི་རུང་། མི་རིགས་ཞིག་སྟོབས་དང་ལྡན་མིན་ཡང་མི་འབོར་གྱི་གཞི་ཁྱོན་དང་མངའ་ཁོངས་ཆེ་ཆུང་ཁོ་ནར་བརྟེན་ནས་གཏན་འཁེལ་བྱེད་མི་རུང་། ཉེ་རབས་ཀྱི་ལོ་རྒྱུས་ཐོག་རང་རྒྱལ་རྗེས་སུ་ལུས་པ་དང་རྡུང་རྡེག་ཕོག་རྐྱེན་ནི་ཚན་རྩལ་རྗེས་ལུས་ཐེབས་པ་དེ་རེད”
ཚན་རྩལ་དར་ན་མི་རིགས་དར། ཚན་རྩལ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པར་གྱུར། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ“ཚན་རིག་གི་ཕྱོགས་སུ་དཔུང་སྐྱོད་བྱེད་དགོས་པའི”དུང་བརྡ་གྲགས་ཡོད། “མདེལ་གཉིས་སྐར་གཅིག”ནས་ཉིང་རྡུལ་ནུས་སྤྱོད་དང་ཆུར་འཛུལ་དམག་གྲུའི་བར་དང་། སྨན་ཆིང་ཀའོ་སུའུ་ནས་རྒྱུད་འདྲེས་ཆུ་འབྲས་བར། རྡོ་སྣུམ་ས་གཤིས་རྩད་ཞིབ་ཐད་ཚད་བརྒལ་བྱུང་བ་ནས་ཏུན་ཁྲི་ཟིན་པའི་གྲུ་གཟིངས་ཆེན་པོ་རྒྱ་མཚོར་ཞུགས་པའི་བར་གྱི་ལོ་70ལྷག་ཙམ་རིང་ང་ཚོས་ཚན་རྩལ་གྱི་དཀའ་གནད་རེ་རེ་བཞིན་འགག་སྒྲོལ་བྱས་ནས་ཚད་བརྒལ་གསར་པ་རབ་དང་རིམ་པ་བྱུང་ཁར་ཚན་རྩལ་འདི་ཉིད་བསྐྱར་དར་ལམ་བུའི་འདེགས་སྐྱོར་གལ་ཆེན་ཞིག་ལ་གྱུར་ཡོད། དེང་རབས་ཀྲུང་གོས་ལོ་བཅུ་ཕྲག་གི་དུས་ཚོད་སྤྱད་དེ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུར་བསྐྱོད་ཡོད། གོ་ལ་ཧྲིལ་པོའི་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཞིབ་འཇུག་གསར་སྤེལ་མ་ལག་དང་བཟོ་ལས་མ་ལག་བསྐྲུན་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲལ་དུ་སླེབས་ཡོད་ལ། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ནུས་ལྡན་བྱས་ཡོད།
ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པར་ང་ཚོས་ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་གོ་བ་སྔར་བས་གཏིང་ཟབ་ལེན་དགོས། རྒྱལ་སྤྱིའི་ཐོག་ནས་བལྟས་ན། ཚན་རྩལ་མཐོ་སའི་འགྲན་རྩོད་ཧ་ཅང་ཛ་དྲག་པོ་ཡོད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཚན་རྩལ་ཁྱབ་ཁོངས་སུ་གནོན་ཤུགས་སྤྲོད་པ་དང་བཀག་འགོག་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། “འབྲེལ་གཅོད་ཕྲེང་གཏུབ”དང“ཁང་ཆུང་གྱང་མཐོ”ཉེན་ཁ་རྒྱུན་ཆད་མེད་པར་ཛ་དྲག་ཏུ་སོང་བཞིན་ཡོད་པས། ང་ཚོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཇེ་མགྱོགས་སུ་གཏོང་བའི་དགོས་པ་ཧ་ཅང་ཆེན་པོ་ཡོད། རྒྱལ་ནང་ནས་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་དེ་ཉིད་འགག་རྩའི་མཚམས་ཚིགས་སུ་གནས་པས་ངེས་པར་དུ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས།
འཆར་གཞི་བཀོད་ཟིན་པ་དང་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ཕྱོགས་སུ་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་ཐོག་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས།
རྩོམ་སྒྲིག་པ། ནོར་འཛིན་གསལ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站