“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁ་ཕུ་ཐག་བཅད་དེ་འབད་འབུངས་མདུན་སྐྱོད་བྱེད་དགོས།

发布时间:2025年01月03日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ། སྤྱིར་བཏང་མིན་པའི་2024ལོ་བརྒྱུད་རྗེས། ང་ཚོས་རེ་བས་ཁེངས་པའི་2025ལོ་བསུ།

དུས་ཚོད་ཀྱི་ཆུ་རྒྱུན་རིང་མོ་མདུན་ཕྱོགས་སུ་རྒྱུག་བཞིན་ཡོད་ནའང་འབད་བརྩོན་པ་ཚོའི་གོམ་སྟབས་ནི་ནམ་ཡང་མཚམས་འཇོག་མི་སྲིད། འདས་མ་ཐག་པའི་ལོ་གཅིག་ནང་མི་དམངས་དུང་ཕྱུར་མང་པོས་དུས་ཀྱི་མདའ་མོ་དམ་པོར་བཟུང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་བརྩམས་ཡོད།

ལེའུ་གསར་པ་དེའི་ནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི“བཀོད་སྒྲིག་རབ་དང་རིམ་པ”དང་། སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱུན་མཐུད་འབད་བརྩོན” ལོའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་1.4ལས་ཐོག་མར་བརྒལ་བའི“ལྟོ་ཕོར་བརྟན་པོ་བཟུང་བ” ཐོན་སྐྱེད་ནུས་ཤུགས་གསར་མས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྒུལ་ནུས་ཆེན་པོ”སོགས་ཡོད་པ་ལས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཁྲོད་ཡར་འཕེལ་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱུང་བ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་པ་བརྟན་པོ་གསར་པ་སྤོས་པ་བཅས་རེད།

ལེའུ་གསར་པ་དེའི་ནང་། ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ཐོག་མར་བླངས་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ལོར་ཐོན་ཚད་ཁྲི་1000ལས་ཐོག་མར་བརྒལ་བའི་གསར་གཏོད་ཀྱི་མཆོང་སྐྱོད་དང་། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་རྒན་གསོའི་འགན་སྲུང་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བའི་དམངས་འཚོ་ལེགས་སུ་གཏོང་བ། ཀྲུང་གོའི་ལུས་རྩལ་པར་ལོ་ཧྲིལ་པོར་འཛམ་གླིང་གི་ཨང་དང་པོ་194ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་བཟང་པོ། བྱས་རྗེས་འཇོག་མཁན་དང་དཔེ་བཟང་བ་སོགས་ཀྱིས་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་པའི་དུས་རབས་གསར་པའི་ཀྲུང་གོའི་སྙིང་སྟོབས་བཅས་ཡོད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད། ཚན་རྩལ་གྱིས་སྣེ་ཁྲིད་བྱེད་པ་དང་། དམངས་འཚོ་རྩ་བར་འཛིན་པ། ཀྲུང་གོའི་སྙིང་སྟོབས་སྔར་བས་འཕེལ་བ་བཅས་བྱུང་ཡོད།

ལེའུ་གསར་པ་དེའི་ནང་། “ཞི་བདེ་མཉམ་གནས”ནས“མཐུན་འགྲོགས་མཉམ་གནས”བར་གྱི་གཅིག་རྒྱུན་གཅིག་འཛིན་དང་ལོ་རྒྱུས་ཀྱི་མཆོང་སྐྱོད་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས“ཆན་ཁའེ་ནས་ཧྲང་ཧའེ་བར”བཏིང་བའི“ཉི་འོད་ལམ་ཆེན”ལ་བདེན་དཔང་བྱས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱེད་པའི་འོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དུས་ཚོད”བཅས་ཡོད་པ་རེད། འཛམ་གླིང་དེང་རབས་ཅན་གྱི་བགྲོད་ལམ་ཐོག་ཀྲུང་གོའི“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་སྐྱེད་དང“ལམ་གྲོགས”ཇེ་མང་དུ་འགྲོ་བཞིན་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་པར་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་ཡོད། དེ་ཐོག་ནས་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད“གཏན་འཁེལ་གཉིས”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་གསལ་པོར་མངོན་པ་དང་དེ་ལས་དུས་རབས་གསར་པའི་རྒྱང་ལམ་གསར་པར་གསར་གཏོད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།

ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་གྱིས་དུས་ཚོད་ལ་ནང་དོན་ཟབ་མོ་བསྣན་ཡོད། དེང་གི་ཀྲུང་གོ“འགག་རྩའི་དུས་སྐབས”སུ་སྐྱོད་བཞིན་ཡོད་མོད། འོན་ཀྱང་ལམ་ཕྱེད་དུ་སླེབས་སྐབས་ངེས་པར་དུ་འབད་བརྩོན་བྱེད་དགོས་པ་དང་། རྩེ་མོར་འཛེགས་དགོས་ན་ངེས་པར་དུ་དཀའ་ངལ་ཁྱད་བསད་བྱེད་དགོས། ལོ་གསར་པར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་དེར་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་ཡོད། ལས་འགན་ལྕི་ལ་ལམ་ཐག་རིང་བ་དང་ལ་བརྒལ་ཉག་སྒྲོལ་ཇི་ཙམ་བྱེད་དགོས་ན་དེ་ཙམ་གྱིས་ཡིད་ཆེས་ཆེ་རུ་གཏོང་བ་དང་འབད་འབུངས་ཆེར་སྐྱེད་དང་། བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་གིས་མདུན་ཕྱོགས་སུ་སྐྱོད་པ་བཅས་བྱེད་དགོས།

མདུན་དུ་བསྐྱོད་པར་ང་ཚོས་སྒྱུར་བཅོས་གསར་གཏོད་ལ་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཉིད་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འབྲེལ་མཐུད་ཀྱི“བགྲོད་ལམ་གལ་ཆེན”དུ་གྱུར་པ་དང་། ཧྲང་ཧའེ་ཀྲང་ཅང་ནི་དེ་སྔའི“ཚལ་སྙོལ་གྲོང་རྡལ་ཆུང་ངུ”ཞིག་ནས“ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁུངས”སུ་གྱུར་པ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་ཏེ་སྒོ་ཁྲལ་སྡོམ་པའི་འཁོར་སྐྱོད་ཀྱི་འགག་སྒྲོལ་དུས་སྐབས་སུ་སླེབས་པ་སོགས། ཀྲུང་གོའི་འཕེལ་རྒྱས་ཀྱི་རྣམ་པ་སྣ་ཚོགས་དག་སྒྱུར་བཅོས་གསར་གཏོད་ཀྱི་སྟོབས་ཤུགས་གསོག་འཇོག་དང་ནུས་སྤྲོད་དང་ཁ་འབྲལ་ཐབས་མེད། རྒྱང་ལམ་གསར་པར་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ཏེ། འགྲོ་ལམ་དང་འདོད་བློ་མ་འགྱུར་བར་བློ་བརྟན་འགྱུར་མེད་ངང་གསར་གཏོད་བྱེད་ཕོད་པ་དང་། དཔའ་ངར་ཆེན་པོས་འགག་སྒྲོལ་བྱེད་ཕོད་པའི་སྙིང་སྟོབས་དང་བློ་སྟོབས་སྐུལ་སློང་བྱས་ཚེ། ང་ཚོས་ལེགས་ཆ་ལྡན་པའི་ངང་འབྱུང་འགྱུར་གསར་གཏོད་བྱེད་ཐུབ་ངེས་རེད།

མདུན་དུ་བསྐྱོད་པར། ང་ཚོས་ཐུན་མོང་ཐོག་དངོས་སྒྲུབ་འབད་འཐབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ང་ཚོའི་དེང་རབས་ཅན་ནི་དཀའ་ཚེགས་ཆེ་ཤོས་ཡིན་ལ་རླབས་ཆེ་ཤོས་ཀྱང་རེད”ཅེས་གསུངས་ཡོད། མི་དམངས་དུང་ཕྱུར་མང་པོའི་སེམས་ནུས་གཅིག་སྒྲིལ་ནི“དཀའ་ཚེགས་ཆེ་ཤོས”འདི་ཐག་གཅོད་བྱེད་པ་དང“རླབས་ཆེ་ཤོས”འདིར་གྲུབ་འབྲས་ལེན་པའི་ལྡེ་མིག་ལྟ་བུ་ཞིག་རེད། འབད་འཐབ་བྱེད་མཁན་ཚང་མའི་དཀའ་སྤྱད་ཀྱི་རྔུལ་ཆུ་ལས་དུས་རབས་གསར་པའི་རླབས་རྒྱུན་དྲག་པོ་གྲུབ་ཡོད། མི་དུང་ཕྱུར་14ལྷག་ཙམ་གྱི་འབད་འཐབ་ཀྱི་གོམ་སྟབས་ལས་འགོག་ཐབས་བྲལ་བའི་བསྐྱར་དར་གྱི་སྒྲ་དྲག་པོ་ཞིག་གྲགས་ཡོད། ལས་སྒྲུབ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་པ་དང་དངོས་སྒྲུབ་པ་ཡག་པོ་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་ཏུ་བསྒྲིལ་ཚེ། མི་སྒྲུབ་པའི་བྱ་གཞག་དང་མངོན་འགྱུར་མི་ཐུབ་པའི་དམིགས་ཚད་མེད་པས། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ངེས་རེད།

འདས་དོན་གྲངས་ལས་འདས་པ་ཚང་མ་ད་ལྟའི་གྲུབ་འབྲས་སུ་གྱུར་པ་དང་། འབྱུང་འགྱུར་གྱི་འཆར་འགོད་ཚང་མ་ད་ལྟ་ནས་འགོ་འཛུགས་དགོས། ད་ཆ་ང་ཚོ་འབྱུང་འགྱུར་གསར་གཏོད་ཀྱི་འགོ་འཛུགས་སར་ལངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པར”རྒྱལ་ཁ་ཕུ་ཐག་བཅད་ནས། འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་རིང་། ང་ཚོའི་རྣ་ལམ་དུ“ང་ཚོས་ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ནས་དུས་རབས་ཀྱི་རླབས་གཤག་ཕོ་རྒོད་དུ་འགྱུར་བར་བྱེད་དགོས”ཞེས་པའི་སྐད་སྒྲ་ལྷང་ལྷང་དུ་གྲགས་པར་བྱེད་དགོས། 

རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com