མཐོ་འཛེགས་རྒྱང་ལྟ་བྱས་ནས་2024ལོར་ཕྱིར་དྲན་བྱས་ཚེ། དུས་ཀྱི་མདའ་མོ་ནི་འབད་འཐབ་ཀྱི་གོམ་སྟབས་རྐྱེན་གྱིས་དོན་སྙིང་ལྡན་པར་གྱུར་ཡོད།
2024ལོར་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུས་ཡོད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་70འཁོར་བ་དང་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30འཁོར་ཡོད། ང་ཚོས་དུས་ཚོད་ཀྱི་མཚམས་ཚིག་གལ་ཆེན་བསུས་ཤིང་། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་བཞི་པ་འཚོགས་ཡོད། ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལམ་བུ་བརྒྱུད་པ་དང་། འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཕྱོགས་སུ་བསྐྱོད་པ། བྱ་གཞག་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པ། སྙིང་སྟོབས་ཀྱི་བྲག་ཅས་མི་རྣམས་ལ་སེམས་ཤུགས་ཆེན་པོ་སྟེར་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་དང་ཡར་རྒྱས་བྱུང་བ་ནི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེར་བཏོད་པའི་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ངོ་མཚར་ཞིག་ཀྱང་རེད།
ལོ་རྒྱུས་ཀྱི་གྲུ་གཟིངས་ཁ་ཕྱོགས་གསར་པར་སླེབས་པ་དང་དུས་རབས་ཀྱི་ལས་འགན་གསར་པས་དོན་དངོས་ཀྱི་ཞིབ་འཇུག་བྱ་གཞི་གསར་པ་འདོན་སྲིད་པས། ང་ཚོས་རང་འགན་ཐེག་པ་འཁུར་ལེན་བྱས་ནས་ལན་འདེབས་རྒྱུགས་འབུལ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། 2024ལོའི་དབྱར་གཞུང་དུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་ལམ་གསར་པའི་ཐོག་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཡོད། ཟླ་7པར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་པར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཟླ་12པར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་ཏེ་མིག་སྔའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱས་ནས་སང་ལོའི་དཔལ་འབྱོར་ལས་དོན་ཐད་བཀོད་སྒྲིག་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་བྱས་ཡོད།
2024ལོ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ། མཐའ་དར་དང་། དམངས་ཕྱུག མཐའ་བརྟན། མཐའ་སྲུང་བཅས་ལ་རམ་འདེགས་ནུས་ལྡན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་ནུས་ལྡན་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།
འདས་ཟིན་པའི་2024ལོར་ང་ཚོར་སྤོབས་པ་སྐྱེ་འོས་པ་ཞིག་ནི་རྔམ་བརྗིད་ལྡན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ལེའུ་རྩོམ་པར། ང་ཚོ་ཚང་མས་ལག་གདང་དཔུང་སྦྲེལ་གྱིས་མཉམ་དུ་བརྩམས་པའི་བོད་ཀྱི་ལེའུ་ཡོད། ལེའུ་འདི་རྩོམ་པའི་བརྒྱུད་རིམ་ནང་བབ་ཆགས་ལྷད་མེད་ཀྱི་རང་མདངས་ཡོད་ལ། གྲ་རྒྱས་ཕུན་སུམ་ཚོགས་པའི་ངོ་མཚར་ཡང་བཏོད་ཡོད་པས། དྲོ་སྐྱིད་དང་བརྩེ་བས་ཁེངས་ཡོད། སྒོར་དུང་ཕྱུར་130ཙམ་བཏང་ནས་དམངས་འཚོའི་བྱ་བ་དངོས་21རྒྱུན་མཐུད་ལེགས་པོ་བསྒྲུབས་ཤིང་། “གྲོང་ཁྱེར་ལྔ་སྦྲེལ་གྱི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ”གྱིས་མི་དམངས་ལ་འཚོ་བ་གསར་པ་དང་སྟབས་བདེ་བསྐྲུན་པས། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་བཀའ་དྲིན་ཚོར་བ་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན་ཡོད། “ཐོན་ལས་ཆེན་པོ་དགུའི”ཁྱད་ཆོས་ཀྱི་ལེགས་ཆ་མངོན་པ་དང་། ས་མཐོའི་དཔལ་འབྱོར་ལ་གསོན་ཤུགས་ཀྱིས་ཁེངས་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྲོལ་རྒྱུན་རིག་གནས་དང་དེ་བཞིན་རི་ཆུའི་མཛེས་ལྗོངས་དང་ལུས་རྩལ་དབར་མཉམ་འདྲེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》གྱི་ཚ་རླབས་རབ་ཏུ་འཕྱུར་བ་ལས་ཚོང་པ་དང་ཧྥེན་སི་ཚོས་བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ངོ་མཚར་མཐོང་ཡོད། ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་གནམ་ཐང་དུ་རིམ་སྤོར་བྱས་པ་དང་། གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་རྒྱལ་ཁབ་ཀྱི་མིང་གཞུང་ནང་ཚུད་དེ་ཀུ་ཤུ་དང་བེ་ཤ་སོགས་ཡུལ་ཟོག་དེ་བས་མང་བ་ཕྱི་རྒྱལ་དུ་བཙོངས་པས། འཛམ་གླིང་གིས་དེང་གི་བོད་ལྗོངས་ཀྱི་གདེང་ཚོད་དང་སྒོ་དབྱེ་ཤེས་རྟོགས་ཐུབ་ཡོད།
མཐོ་འཛེགས་རྒྱང་ལྟ་བྱས་ནས་2025ལོར་བལྟས་ཚེ། དུས་ཀྱི་བཟློག་མེད་བཞུར་རྒྱུན་ཁྲོད་ང་ཚོ་ཚང་མས་སླར་ཡང་ལོ་རྒྱུས་ཀྱི་ཚོར་བ་ཟབ་མོ་ལྡན་པའི་ལོ་ཞིག་བསུས་ཡོད།
2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཀྱང་རེད། ལོ་འདི་ནི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་འགག་རྩའི་དུས་སུ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་འགག་རྩའི་དུས་སུ་འཁེལ་ཡོད་པས། ལོ་འདིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
ང་ཚོར་འཕྲད་པའི་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ལ། ང་ཚོར་འབད་འཐབ་བྱེད་པའི་གདིང་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་དང་གཟིགས་མཐོང་གནང་བ་དེས་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆབ་སྲིད་ཀྱི་འགན་ལེན་ཆེན་པོ་མཁོ་འདོན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན། སྒུལ་ཤུགས་ཆེན་པོ་ཁ་སྣོན་བཅས་བྱུང་ཡོད། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་ལེགས་སུ་འགྲོ་བ་དང་། རྣམ་གྲངས་གལ་ཆེན་ལ་འདེགས་སྐྱོར་ཤུགས་ཆེན་བྱེད་པ། རང་ངོས་འཕེལ་རྒྱས་གཏོང་ནུས་རྒྱུན་མཐུད་ཆེ་རུ་འགྲོ་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་འཕེལ་རྒྱས་ཀྱི་མཐུན་རྐྱེན་མགྱོགས་མྱུར་འཛོམས་བཞིན་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་ངང་དུས་བབ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་ཐོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་གྲུབ་པའི་སེམས་པ་གཅིག་མཐུན་དང་ཤུགས་སྒྲིལ་ལས་སྒྲུབ་ཀྱི་ལས་ཀའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
འབྱུང་འགྱུར་གྱི་ཕུགས་འདུན་ཡག་ཤོས་ནི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་དེ་ཡིན་པ་དང་། འགྲན་སློང་ལ་ཁ་གཏད་གཅོག་ཐབས་ཡག་ཤོས་ནི་ཧུར་ཐག་འབད་ཐག་གིས་འགྲན་སློང་ལས་རྣམ་པར་རྒྱལ་བར་བྱ་རྒྱུ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན། ང་ཚོས་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་རྒྱང་སྐྱོད་ཀྱི་གོམ་སྟབས་དང་བསྟུན་ནས་ལས་སྒྲུབ་གཙོ་བོར་འཛིན་པ་དང་། འབད་འབུངས་ཡར་བརྩོན། གཞུང་འཁྱོངས་གསར་འབྱེད། དངོས་འཛིན་དངོས་སྒྲུབ། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལག་ལེན་གྱི་བྱ་སྤྱོད་སྤེལ་མཁན་དང་དངོས་སྒྲུབ་མཁས་ཅན་ཡག་པོ་ཞིག་བྱས་ཏེ། གནད་ལ་འཁེལ་ཕྱིན་དུས་ཚོད་དམ་འཛིན་གྱིས་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་སྒྲུབ་དངོས་རྗེས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟགས་འབུལ་དགོས།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站