འདི་ལོ་ལོ་10ལ་སླེབས་པའི་དཀོན་མཆོག་རབ་བརྟན་ད་ཆ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་ལོ་རིམ་ལྔ་པར་འགྲིམ་བཞིན་ཡོད། གཅེན་པོ་ལྷུན་བསྟན་དང་འདྲ་བར་ཁོ་བོའི་སྦྱངས་འབྲས་ཀྱང་འཛིན་གྲྭའི་མདུན་གྲལ་དུ་སླེབས་ཀྱི་ཡོད།
ས་བབ་མཐོ་ཚད་སྨི་4000ཙམ་ཡོད་པའི་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་ནི་ཀོང་པོ་རྒྱ་མདའ་རྫོང་གི་ས་བབ་མཐོ་ཤོས་ཀྱི་སློབ་གྲྭ་ཞིག་རེད། མིག་སྔར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་397ཡོད་པའི་ཁྲོད་ཀྱི་མང་ཆེ་བ་འབྲོག་ཁུལ་ནས་ཡིན་པ་དང་ཁྱིམ་དང་བར་ཐག་རིང་ཤོས་ལ་སྤྱི་ལེ་50ལྷག་ཙམ་ཡོད་པས་སློབ་མ་མང་ཆེ་བ་སློབ་གྲྭར་ཞག་སྡོད་བྱེད་ཀྱི་ཡོད། སློབ་གྲྭས“10+4”ཡི་ལས་ཀའི་ཉིན་མོའི་སློབ་ཁྲིད་བྱེད་སྟངས་ལག་བསྟར་བྱེད་པ་སྟེ། སློབ་ཚན་ཉིན་10འཚོགས་པ་དང་ངལ་གསོ་ཉིན་4འཇོག་གི་ཡོད།ཞོགས་པ་ཆུ་ཚོད་བརྒྱད་པར་དཀོན་མཆོག་རབ་བརྟན་གྱིས་མལ་ལས་ལངས་ཏེ་ཁ་ངོ་བཀྲུས་ནས་ཞོགས་ཟས་བཟས་རྗེས་སློབ་གྲོགས་ཚོ་དང་མཉམ་དུ་ཉིན་གཅིག་གི་སློབ་སྦྱོང་ལ་བརྩོན་འགོ་ཚུགས།
རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ལྟོ་རིན་དང་། ཞག་སྡོད་རིན་པ། སློབ་ཡོན་བཅས་འགན་ལེན་གྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། རྐང་སུག་དང་ནམ་འཇམ་ཕུད། འཁྲུད་ཆས་དང་། ཉལ་ཆས། སློབ་གོས། བསླབ་གཞི། ཡིག་ཆས་སོགས་ཚང་མ་རྒྱལ་ཁབ་ཀྱིས་རིན་མེད་ངང་མཁོ་འདོན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་ཀྱང་ཧ་ཅང་ཆ་ཚང་ཞིང་། སློབ་ཁང་དུ་བརྙན་ཤེལ་གྱི་སློབ་ཁྲིད་འཕྲུལ་ཆས་དང་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། ད་དུང་སློབ་གྲྭའི་སྒོ་རའི་ནང་ལན་ཆིའུ་སྤོ་ལོ་ཐང་དང་རྐང་རྩེད་སྤོ་ལོ་ཐང་ཡང་བསྐྲུན་ཡོད། ཉིན་གཅིག་གི་ལྟོ་དུས་གསུམ་ཕུད་སློབ་གསེང་སྐབས་སློབ་མ་ཚོར་ད་དུང་ཀེག་དང་། ཤིང་འབྲས། ཞོ་སོགས་འཚོ་བཅུད་ལྡན་པའི་བཟའ་བཅའ་མཁོ་འདོན་བྱེད་ཀྱི་ཡོད། དཀོན་མཆོག་རབ་བརྟན་གྱི་བོད་ཡིག་ཡིག་གཟུགས་ཡག་པོ་ཡོད་པས་ཁྱིམ་དུ་ལོག་རིམ་བཞིན་གཅུང་མོར་ངོམ་སོ་བྱེད་ཀྱི་ཡོད། སློབ་གྲྭའི་བོད་ཡིག་དགེ་རྒན་ཧ་ཅང་ནན་པོ་ཡོད་པས་བོད་ཡིག་སྦྱོར་ཀློག་སློབ་ཚན་འཚོག་རིམ་བཞིན་སློབ་མ་ཚོས་སྐད་ཤུགས་ཆེན་པོས་བོད་ཡིག་ཀློག་གི་ཡོད། 2024ལོར་བོད་ཀྱི་སློབ་གསོའི“འགན་ལེན་གསུམ”(འཚོ་བཅུད་ལེགས་གཏོང་ཚུད་པ)གྱི་ཚད་གཞི་དེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་དེ་བས་མཐོ་རུ་བཏང་ནས། མི་རེར་ལོ་རེར་སྒོར་5620ཟིན་པ་དང་སློབ་མ་ཁྲི་74.6ལ་ཕན་པ་ཐོབ་ཡོད། དཀོན་མཆོག་རབ་བརྟན་དང་འདྲ་བར་བོད་ཀྱི་ཕྲུ་གུ་དེ་བས་མང་བས་གནམ་དང་ཐག་ཉེ་ཤོས་ཀྱི་ས་ཆར་རང་ཚུགས་རང་དར་དང་འབད་འཐབ་ཡར་བརྩོན་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བསོད་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站