ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

发布时间:2024年07月19日 文章来源:མི་དམངས་ཉིན་རེའི་ཚགས་པར།

ཟླ་7ཚེས་15ནས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་འགྱིང་ངེར་གནས་པའི་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཡོད།

ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ། དུས་རབས་གསར་པ་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་གྲུབ་འབྲས་རླབས་པོ་ཆེར་ཚད་མཐོའི་གདེང་འཇོག་བྱས་པ། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚང་འཛོམས་གྲོས་ཚོགས་འཚོགས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་མཐར་ཕྱིན་བྱེད་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མཚོན་ཡོད། དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དར་ཆ་གང་ཞིག་སྒྲེང་བ་དང་ལམ་བུ་གང་ཞིག་ཐོག་སྐྱོད་པའི་སྐོར་ལ་སླར་ཡང་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་འཐབ་ཇུས་དང་བྱེད་ཐབས་བཀོད་ཡོད་པས། དེ་ནི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞིང་། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མཚོན་ཡོད། 《གཏན་འབེབས》ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་བྱེད་དགོས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་གལ་ཆེན་ལ་དམ་འཛིན་ཤུགས་ཆེན་བྱས་ནས་སྒྱུར་བཅོས་འཆར་འགོད་བྱས་ཡོད་ཅིང་། དེའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། གཙོ་གནད་འབུར་དུ་ཐོན་པ། བྱེད་ཐབས་དངོས་སྒྲུབ་དང་ལག་ལེན་བསྟར་འཐུས་བཅས་ཡིན་ལ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་རྒྱ་ཆེ་གཏིང་ཟབ་ཕྱོགས་ལ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་པས། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་ཐུབ་ངེས་རེད།

སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པ་ཞིག་ཡིན་ཞིང་། དེས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་བཏོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེའང་དུས་རབས་འབྱེད་པ་ཞིག་ཡིན་ཞིང་། དེས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཆ་ལག་ཚང་བ་དང་བརྒྱུད་རིམ་ཧྲིལ་པོས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པ་བཏོད་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་རང་རྒྱལ་གྱིས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པ་ནི་སྒྱུར་བཅོས་སྒོ་དབྱེར་བརྟེན་པ་ལས་བྱུང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེའང་སྒྱུར་བཅོས་སྒོ་དབྱེར་བརྟེན་པ་ལས་བྱུང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ན། སྔར་བཞིན་སྒྱུར་བཅོས་སྒོ་དབྱེར་བརྟེན་དགོས་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ཀྱི་མདུན་དུ་ངེས་པར་དུ་སྒྱུར་བཅོས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་བཞིན་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་སྔར་བས་འཚམ་པར་བྱེད་པའི་དགོས་ངེས་ཀྱི་བླང་བྱ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་སྔར་བས་མང་བ་དང་སྔར་བས་དྲང་གཞག་ཐོབ་པར་བྱེད་པའི་དགོས་ངེས་ཀྱི་བླང་བྱ། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་མ་གཏོང་བའི་དགོས་ངེས་ཀྱི་བླང་བྱ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བ་དང་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པའི་དགོས་ངེས་ཀྱི་བླང་བྱ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དེ་བས་འགྱུར་མེད་སྟོབས་ལྡན་གྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་དགོས་ངེས་ཀྱི་བླང་བྱ་བཅས་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་ངང་སྒྱུར་བཅོས་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བར་ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས།

ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན་བཅས་ཁ་གསལ་བཟོས་པ་མ་ཟད། འབྱུང་འགྱུར་ལོ་ལྔའི་རིང་གི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཀོད་སྒྲིག་ཀྱང་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། རྒྱང་ལམ་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་། ལྷག་པར་དུ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཉམས་མྱོང་རྩ་ཆེན་ལ་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། ལམ་ལུགས་འཛུགས་སྐྱོང་གིས་གཙོ་རྐང་བྱ་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་བཅས་བྱས་ཚེ། ང་ཚོས་2035ལོར་སླེབས་སྐབས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ཕྱོགས་ཡོངས་ནས་འཛུགས་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་སྟེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད།

ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བར་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

                                                            རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com