ཕྱོགས་གང་ས་ཅི་ཐད་ཀྱི་སྒྱུར་བཅོས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་དགོས།

发布时间:2024年07月16日 文章来源:མི་དམངས་ཉིན་རེའི་ཚགས་པར།

སྒྱུར་བཅོས་སྒོ་དབྱེ་ནི་མི་དམངས་དུང་ཕྱུར་མང་པོ་རང་ཉིད་ཀྱི་བྱ་གཞག་ཅིག་རེད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་མི་དམངས་རྒྱ་ཁྱབ་ངང་ཞུགས་པའི་འཕོ་འགྱུར་གཏིང་ཟབ་ཅིག་རེད། རྙོག་འཛིང་ཇི་ཙམ་ཆེ་སར་མདུན་སྐྱོད་བྱེད་དགོས་ན། དེ་ཙམ་གྱིས་ཏང་གི་འགོ་ཁྲིད་འོག་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ནས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྒྱུར་བཅོས་ཐད་གཅིག་ཏུ་བསྒྲིལ་ཏེ། མི་དམངས་ལ་དམ་པོར་བརྟེན་ནས་སྒྱུར་བཅོས་དེ་ཉིད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་བྱས་ཚེ་སྒྱུར་བཅོས་ལ་གཞི་ནས་དོན་སྙིང་ལྡན་པ་དང་། མི་དམངས་ལ་བརྟེན་ནས་སྒྱུར་བཅོས་བྱས་ན་སྒྱུར་བཅོས་ལ་གཞི་ནས་སྒུལ་ཤུགས་ཡོད། དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་བཟུང་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བར་བརྟེན། སྤྱི་ཚོགས་ཡོངས་སུ་སྒྱུར་བཅོས་དང་གསར་གཏོད་ཀྱི་གསོན་ཤུགས་གཅིག་རྗེས་གཉིས་མཐུད་ངང་འཕྱུར་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ“ཀྲུང་གོའི་བཅོས་སྐྱོང”གི་རྨང་གཞི་བརྟན་དུ་གཏོང་བ་ནས་ཆུ་དཔོན་ལམ་ལུགས་དང་། མཚོ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བའི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཛེས་རིས་གསར་པ་བྲིས་པའི་བར་དང་། དེ་ནས་ཧྥུའུ་ཅན་སན་མིང་གི“སྨན་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ་སོགས་ཀྱི་ལག་ལེན་དངོས་ཀྱི་ཐོག་ནས་སྒྱུར་བཅོས་དང་གསར་གཏོད་ཀྱི་གསོན་ཤུགས་ཆེ་ཤོས་དེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་གནས་པ་གསལ་པོར་མཚོན་ཡོད། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཚེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་གཞི་ནས་རྒྱབ་རྟེན་བརྟན་ཤོས་དང་། གདིང་གཞི་སྟོབས་ལྡན། སྒུལ་ཤུགས་དྲག་པོ་བཅས་ཡོང་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་སྒོ་དབྱེར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྙིང་ཐག་པ་ནས་གོང་བཀུར་ཐོབ་པ་དང་དེའི་ནང་ཧུར་ཐག་ཞུགས་པའི་རྩ་བའི་རྒྱུ་རྐྱེན་ནི་ང་ཚོས་ཐོག་མ་ཉིད་ནས་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་དེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་གཏིང་ཟབ་ཚུགས་པར་བྱས་པའི་དབང་གིས་ཡིན”ཞེས་གསུངས་ཡོད། “མི་སེར་གྱིས་གང་ལ་སེམས་ཁུར་དང་གང་ཞིག་རེ་སྒུག་བྱེད་ན། སྒྱུར་བཅོས་ཀྱིས་དེ་ལ་དམ་འཛིན་དང་སྐུལ་འདེད་གཏོང་དགོས”ཞེས་པ་ཁོང་དུ་ཆུད་པར་བྱས་ཏེ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལས་ཞིང་ལས་སྤོ་སྒྱུར་མི་འབོར་དུང་ཕྱུར་1.4གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པ་དང་། སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། “སྒྱུར་བཅོས་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་ཆེ་རུ་གཏོང་བར”དམིགས་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་བྲིས་ནས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོས་པ། དམངས་འདོད་དང་མཐུན་པ་བཅས་ཀྱི་སྒྱུར་བཅོས་བྱེད་ཐབས་རེ་རེར་བསྒྱུར་ཡོད།

རྒྱང་ལམ་གསར་པར་མི་དམངས་ལྟེ་བར་འཛིན་པའི་སྒྱུར་བཅོས་ཀྱི་རིན་ཐང་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་གནས་བབ་གཙོ་བོ་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་དང་། མི་དམངས་ལ་རེ་འབོད་ཅི་ཡོད་པ་སྒྱུར་བཅོས་ཀྱིས་དེ་བཞིན་སྒྲུབ་པ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་དང་། སྒྱུར་བཅོས་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱེད་ཐུབ་ན། ཕྱོགས་གང་ཅིའི་ཐད་ཀྱི་སྒྱུར་བཅོས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་སྟོབས་ཆེན་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

ཐུན་མོང་ངོས་འཛིན་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཟིལ་རྔམ་ཡིད་དུ་འོང་ལ་ཟིལ་རླབས་དགུང་དུ་འཕྱུར་བར། ཕྱོགས་གལ་ཆེན་ཞིག་ནི་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་གང་ཐུབ་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་ལ་སྒྱུར་བཅོས་ལ་བསམ་ཤེས་དང་། སྒྱུར་བཅོས་ལ་རྒྱབ་སྐྱོར། སྒྱུར་བཅོས་ནང་ཞུགས་པ་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུར་རག་ལས་ཡོད། “ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ན། ཁེ་ཕན་ལ་འགུལ་སྐྱོད་གཏོང་བ་དང་། བྱ་སྤྱོད་ངོ་མ་སྤེལ་དགོས” རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ལམ་ལ་བརྩི་བ་བཅས་བྱས་ནས་ཁེ་ཕན་གྱི་གནས་སྟངས་ལེགས་སྒྲིག་དང་མི་སྒེར་གྱི་སྐྱོད་འཐེན་ཉར་འཇོག་ལ་ལྟ་སྟངས་ཡང་དག་འཛིན་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་པ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པའི་རྨང་གཞིའི་འདེགས་སྐྱོར་དང་ནང་གནས་ཀྱི་བླང་བྱ་ཡིན་པས། ས་གནས་ཁག་གིས་རང་སོའི་འཁོར་རྒྱ་སྲུང་བའི་བསམ་གཞིག་གི་འཆིང་རྒྱ་ལས་བསྒྲལ་ནས་ས་གནས་སྲུང་སྐྱོང་དང་ཁྲོམ་ར་བགོ་བཤའ་རྒྱག་སྟངས་སྣ་ཚོགས་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་གང་ཐུབ་བྱེད་པ་ཞིག་ཡིན། ལག་ལེན་ལས་ང་ཚོར་བློ་སྒོ་ཕྱེ་བ་ནི། རྒྱང་ལམ་གསར་པར་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་བརྩམས་ན། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཟུང་འབྲེལ་བྱས་ཏེ། ལྕག་སྐུལ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་དགོས་པ་དེ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྱུར་བཅོས་ལ་དམ་འཛིན་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་མཁན་བྱེད་དགོས་ལ་སྒྱུར་བཅོས་ཀྱི་ལག་ལེན་པ་ཡང་བྱས་ནས་གསར་གཏོད་བྱེད་ཕོད་པ་དང་། དངོས་འཛིན་དངོས་སྒྲུབ། གསར་འབྱེད་མདུན་སྐྱོད་བཅས་ཀྱི་སྒྱུར་བཅོས་ཀྱི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་དགོས།

“ཁྱུང་ཆེན་མཁའ་ལ་ལྡིང་བ་གཤོག་སྒྲོ་གཅིག་ལ་བརྟེན་པ་མིན། གྱི་ལིང་འགྲོས་ཁ་མྱུར་བ་སུག་པ་གཅིག་ལ་བརྟེན་པ་མིན” བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་། ཤུགས་རྒྱག་ས་གཅིག་ཏུ་བརྒྱབ་སྟེ་ཕྱོགས་གང་ཅིའི་ཐད་ཀྱི་སྒྱུར་བཅོས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་སྐུལ་འདེད་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཚེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་གཏོད་ཐུབ་པ་དང་། རྒྱང་ལམ་གསར་པར་མི་རྣམས་ཧང་སངས་པའི་ངོ་མཚར་གསར་པ་མུ་མཐུད་སྐྲུན་ཐུབ་ངེས་རེད། 

རྩོམ་སྒྲིག་པ། ནོར་འཛིན་གསལ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com