མིག་དཔེའི་རྗེས་སུ་འབྲངས། མདུན་སྐྱོད་སྟོབས་ཤུགས་འཕེལ།

发布时间:2024年07月03日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྱིས་ལོ་35ཡི་རིང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཚན་རིག་ཞིབ་འཇུག་ལ་གཞོལ་བའི་ལོ་རྒྱུས་ལ་ལྟ་སྐབས། ང་ཚོས་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་བྱེད་མཁན་ཞིག་གི་གཟུགས་བརྙན་དང་། ཚན་རྩལ་ལས་དོན་པ་ཞིག་གིས་རྒྱལ་ཁབ་དར་རྒྱས་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་མིས་གཅིག་རྒྱུན་གཅིག་གིས་འཛིན་པའི་སྙིང་སྟོབས་ས་མཐོའི་ས་གཞི་ཆེན་པོར་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་དང་རིན་ཐང་མཚོན་པར་བྱས་པ་བཅས་མཐོང་ཐུབ། ཁོང་གི་ལུས་ཐོག་ནས་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་དམ་བཅའ་བཞག་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དད་སེམས་ལས་ང་ཚོར་སྐུལ་མ་ཐེབས་པ་དང་། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དཔའ་ངར་ཞུམ་མེད་ངང་ཡང་རྩེར་འཛེག་པའི་བློ་སྟོབས་ལས་ང་ཚོར་དཔའ་ངར་སྐྱེས་པ། སྒེར་དོན་དོར་ནས་སྤྱི་དོན་སྐྱོང་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལས་ང་ཚོར་སྐུལ་ལྕག་ཐེབས་པ། སྤྱོད་བཟང་ལ་བརྟེན་ནས་མི་སྐྱོང་བ་དང་མི་བསྐྱངས་ནས་བློ་སྦྱོང་བྱེད་པའི་དགེ་རྒན་གྱི་སྙིང་སྟོབས་ལས་ང་ཚོར་སེམས་འགུལ་ཐེབས་དང་ཐེབས་ངེས་ཡིན་པ་གདོན་མི་ཟའོ།

བོད་ཡིག་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རྒྱལ་སྤྱིའི་ཚད་གཞི་ཞིབ་བཟོ་བྱས་པ་དང་འབྲེལ་ཁྱབ་གདལ་བེད་སྤྱོད་བཏང་སྟེ། རྒྱལ་སྤྱིའི་བོད་ཡིག་ཆ་འཕྲིན་མ་ལག་ལག་རྩལ་ཁྱབ་ཁོངས་ཀྱི་རང་རྒྱལ་གྱི་སྣེ་ཁྲིད་དང་གཙོ་ཁྲིད་གནས་བབ་བརྟན་དུ་བཏང་བ་དང་། བོད་ཡིག་པར་གཞིའི་ཨང་གྲངས་དང་རིག་ནུས་སྒུལ་བདེའི་བཀོལ་སྤྱོད་མ་ལག་བཏོད་དེ། ཆ་འཕྲིན་ཅན་གྱི་དུས་རབས་སུ་གནའ་བོའི་བོད་ཡིག་ནས་རྣམ་པ་གསར་པ་མངོན་པར་བྱས་པ། བོད་ཡིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་ལག་རྩལ་གཏིང་ཟབ་རྟོགས་པར་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་བཏང་བ། ཐོག་མཐའ་བར་གསུམ་དུ་སློབ་ཁྲིད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ། བོད་འཕེལ་རྒྱས་དང་ཡར་རྒྱས་ཡོང་ཆེད་ཆ་འཕྲིན་ལག་རྩལ་གྱི་ཆེད་ལས་ཤེས་ལྡན་པ་ཁག་དང་ཁག་བྱས་ཏེ་གསོ་སྐྱོང་དང་སྐྱེད་སྲིང་བྱས་པ་ལ་སོགས། ཉི་མ་བཀྲ་ཤིས་ཀྱི་བྱས་རྗེས་ནི“ཆ་འཕྲིན་ཅན་ལས་རྒྱ་ཆེའི་མང་ཚོགས་ཚང་མའི་འཚོ་བར་སྟབས་བདེ་ཡོང་བར་བྱེད་རྒྱུའི”བབ་ཆགས་ཀྱི་ཕུགས་བསམ་ལས་བྱུང་བ་དང་བོད་ལྗོངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ས་རྒྱུ་གཤིན་པོར་རྩ་བ་ཚུགས། བྱ་སྤྱོད་ཚང་མའི་ཐོག་ནས་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། ལྷག་བསམ་ཟོལ་མེད་ཀྱི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བསམ་པ། ཡག་ཐོག་ཡག་བརྩེགས་ཀྱི་ལས་ཀའི་སྤྱོད་ཚུལ། འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་སྟོབས་ཤུགས་བཅས་མངོན་གྱི་ཡོད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དང“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཏེ། ས་མཐོའི་གུང་ཁྲན་ཏང་མི་མི་རབས་མང་པོས་བཏོད་པའི་བསམ་པའི་མཐོ་སར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད།

ཉི་མ་བཀྲ་ཤིས་ཀྱིས་རང་གི་ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་ནན་ཁུར་དང་། སྙིང་རུས་ཆེར་བསྐྱེད། ཐེག་པ་ཁུར་ལེན་བཅས་ཀྱི་ཐོག་ནས་གསར་གཏོད་དང་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་མང་པོ་བརྩམས་ལ། བོད་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་ལམ་བུར་དུས་རབས་གསར་པའི་ཚན་རྩལ་ལས་དོན་པའི་ཉམས་འགྱུར་ཡང་མངོན་པར་བྱས་ཡོད། ཚན་རྩལ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བའི་དུས་རབས་ཀྱི་ངར་སྒྲ་ཟམ་མི་ཆད་པར་བསྒྲགས་ན། ཉི་མ་བཀྲ་ཤིས་དང་འདྲ་བར་རླབས་རྩེར་འགྱིང་ངེར་གནས་པ་དང་འབུད་འབུངས་ཡར་བརྩོན་གྱིས་དུས་རབས་ཀྱི་གདོང་ལེན་པ་དང་སྤྱི་ཚོགས་ཀྱི་ཀ་གདུང་ལྟ་བུ་བྱེད་པའི་ཚན་རྩལ་ལས་དོན་པ་སྔར་ལས་མང་བ་ཐོན་ངེས་རེད། ང་ཚོས་ཉི་མ་བཀྲ་ཤིས་ལ་སློབ་སྦྱོང་བྱེད་རྒྱུ་ནི་དུས་རབས་གསར་པའི་ཕུལ་བྱུང་གི་ཚན་རྩལ་ལས་དོན་པའི་འབད་འབུངས་ལྷོད་མེད་དང་སྔོན་ལ་བྱེད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་། དམ་པ་དོན་གཉེར་དང་གཟབ་ནན་སློབ་གཉེར་གྱི་བདེན་འཚོལ་གྱི་སྙིང་སྟོབས། མིང་གྲགས་རྒྱབ་ཏུ་བསྐྱུར་བ་དང་ཞིབ་འཇུག་སྦྱངས་བརྩོན་གྱི་ལེགས་སྐྱེས་ཀྱི་སྙིང་སྟོབས། བློ་འདུས་འགག་སྒྲོལ་དང་མཐུན་སྒྲིལ་མཉམ་ལས་ཀྱི་མཐུན་སྦྱོར་གྱི་སྙིང་སྟོབས། རང་དོར་གཞན་སྐྱོང་དང་རྗེས་རབས་པར་ལྕག་སྐུལ་གྱི་མི་གསོ་སྐྱོང་གི་སྙིང་སྟོབས་བཅས་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་ལས་དོན་པར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་ཚན་རིག་ཞིབ་འཇུག་བྱེད་སྒོར་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོང་ཚོར་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་བྱེད་པ་དང་། བློ་བདེ་པོས་འཕེལ་རྒྱས་གཏོང་བ། བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་བ་བཅས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་དཔེ་བཟང་དང་ཕུལ་བྱུང་ལ་མིག་ལྟོས་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱི་སྙིང་སྟོབས་དང་། རྙིང་གཏོར་གསར་འཛུགས་ཀྱི་བློ་གཤོགས། བློ་བརྟན་འགྱུར་མེད་ཀྱི་ངེས་ཤུགས་བཅས་ལ་བརྟེན་ནས་དཔྱད་རྩོམ་ས་མཐོའི་ས་གཞི་ཆེན་པོའི་ཐོག་དངོས་འབྲེལ་བྲིས་ནས་རྒྱུན་ཆད་མེད་པར་ཚན་རིག་ལག་རྩལ་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས།

ས་མཐོར་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེ་ཞིང་བརྗིད་ཉམས་ལྡན་པའི་འཕེལ་རིམ་ཁྲོད་གུང་ཁྲན་ཏང་མི་མི་རབས་མང་པོས་གཅིག་རྗེས་གཉིས་མཐུད་ངང་དཀའ་སྤྱད་འབད་བརྩོན་བྱས་ཤིང་། གསོ་སྐྱོང་དང་། ལག་ལེན། རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་སོགས་དུས་ཚོད་དང་བར་མཐོངས་ལས་བརྒལ་བའི་སྟོབས་ཤུགས་མུ་མཐུད་ཐོན་བཞིན་ཡོད། ཉི་མ་བཀྲ་ཤིས་ཀྱིས་ཚབ་མཚོན་དུ་བྱས་པའི་ཕུལ་བྱུང་གི་གུང་ཁྲན་ཏང་མིའི་ལུས་ནས་མངོན་པའི་བརྟན་སྲུང་དང་། ཐེག་ཁུར། བཟོད་བསྲན། ལེགས་སྐྱེས་བཅས་ཀྱི་སྙིང་སྟོབས་ནི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་གསར་པར་སྐྱེ་སྟོབས་དང་ཡིད་དབང་འགུག་ཤུགས་སྔར་བཞིན་ཆེན་པོ་ལྡན་པའི་དཔང་རྟགས་གསོན་ཉམས་དོད་པོ་ཞིག་རེད། ང་ཚོས་ཉི་མ་བཀྲ་ཤིས་ལ་སློབ་སྦྱོང་བྱེད་པར་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་སོགས་ནི་དུས་དང་རྣམ་པ་ཀུན་ཏུ་གཅེས་འཛིན་བྱེད་དགོས་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་། རང་རྟོགས་ངང་སྲུང་སྐྱོང་པ་དང་། རྒྱུན་འཛིན་པ། ལག་ལེན་པ་བཅས་ཡག་པོ་བྱེད་པ། “དོན་ཆེན་བཞི”ལ་དམ་འཛིན་གཏིང་ཟབ་བྱེད་པའི་བརྗིད་ཆེའི་ལག་ལེན་ཁྲོད་དུ་དཀའ་ངལ་ཁྱད་བསད་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། ཐམས་ཅད་ལས་རྣམ་པར་རྒྱལ་བའི་བློ་སྟོབས་དང་སྙིང་རུས་ལ་བརྟེན་ནས་འགལ་རྐྱེན་དང་དཀའ་ཉེན་མཐའ་དག་སེལ་བ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བརྗིད་ཆེའི་འཆར་གཞི་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་ཡོང་བར་བྱས་ནས་གོམ་ཞེང་ཆེན་པོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་མདུན་ཕྱོགས་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་འཆར་གཞི་ཆེན་པོ་བཏིང་ཟིན་པས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་རྔམ་བརྗིད་ལྡན་པའི་དུས་སྐབས་སུ་སླེབས་ཡོད། སྙིང་སྟོབས་རྒྱུན་འཛིན་བྱས་ནས་བྱ་གཞག་མུ་མཐུད་འཕེལ་རྒྱས་གཏོང་དགོས། “འཛུགས་གཏོད་བཞིར”འབད་བརྩོན་ལྷོདམེད་བྱེད་པའི་བརྗིད་ཆེའི་ལམ་བུར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོན་ཐོན་དར་ཆ་དང་མིག་དཔེ་མེ་ལོང་དུ་བཟུང་ནས་ཉི་མ་བཀྲ་ཤིས་དང་འདྲ་བར་ཐོག་མའི་བསམ་འདུན་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཛིན་བྱེད་པའི་ཕུགས་འདུན་དོན་གཉེར་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་གསར་གཏོད་པ། ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱེད་པའི་ལས་སྒྲུབ་པ། སྐད་གྲགས་མེད་པར་འབད་བརྩོན་བྱེད་པའི་ལེགས་སྐྱེས་པ་བཅས་བྱས་ཏེ། སྔར་ལས་ལྷག་པའི་འགན་འཁྲི་འཁུར་སེམས་དང་། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ལ་བརྟེན་ནས་མཐོ་འཛེག་རྒྱང་སྐྱོད་དང་འབད་འབུངས་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། 

                རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com