ལོ་ཟླའི་ཆུ་རྒྱུན་བར་མེད་བཞུར་ན་ཡང་། ངོ་མཚར་གཏམ་རྒྱུད་ནམ་ཡང་ཉམས་པ་མེད།

发布时间:2024年06月21日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཡུན་ནན་གྱི་ལི་ཅང་གནའ་གྲོང་དང་ཧྲན་ཤིས་ཀྱི་ཕིང་ཡའོ་གནའ་གྲོང་སོགས་གནའ་གྲོང་ལ་ཐུན་མོང་མ་ཡིན་པའི་རིག་གནས་ནང་དོན་ཕུན་སུམ་ཚོགས་པས་མི་རྣམས་ཕྱིར་ཡུལ་སྐོར་ལ་འགྲོ་སྐབས་ངེས་པར་འགྲོ་དགོས་པའི་མཛེས་ལྗོངས་ཀྱི་གྲས་སུ་གྱུར་ཡོད་ལ་མི་རྣམས་ཀྱིས་ས་གནས་དེ་གའི་ལོ་རྒྱུས་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། བོད་དུ་ཡང་གནའ་གྲོང་འདི་འདྲ་ཞིག་ཡོད་པ་དེ་ནི་ཐའེ་ཀྲའོ་གནའ་གྲོང་རེད།

ཐའེ་ཀྲའོ་གནའ་གྲོང་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་གནའ་བོའི་གྲོང་ཚོ་ཞིག་ཏུ་གནས་ཤིང་། སྲོང་བཙན་སྒམ་པོས་ཝུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པ་ནས་རྗེས་སུ་ཆིང་དམག་བོད་དུ་ཡོང་བའི་བར་ཐའེ་ཀྲའོ་གནའ་གྲོང་གི་གནའ་ཤུལ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད།

རིག་གནས་ཀྱི་ནང་དོན་གཏིང་ཟབ་ལ་ལོ་རྒྱུས་ཀྱི་གནའ་ཤུལ་མང་བ།

གནའ་དུས་ཐའེ་ཀྲའོ་ལ་རྒྱ་མདའ་ཟེར་བ་དང་། དེ་ནི་ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་ལམ་གྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན། བོད་དུ་བསྐྱོད་སའི་མཚོ་བོད་ནུབ་ལམ་དང་། མཚོ་བོད་དབུས་ལམ། མཚོ་བོད་ཤར་ལམ། ཁྲོན་བོད་གནའ་ལམ་བཅས་གསུམ་པོ་དེ་ནས་བརྒྱུད་དགོས་པར་བརྟེན་ཡོན་རྒྱལ་རབས་ཀྱི་སྐབས་སུ་ཐའེ་ཀྲའོ་རུ་རྟ་ཟམ་བཙུགས་པ་དང་བོད་རྒྱ་ཧུད་སོགས་མི་རིགས་དང་ནེ་པ་ལའི་ཚོང་པ་རྣམས་ཀྱིས་དེ་གར་ཚོང་དོན་ཉོ་ཚོང་བྱེད་ཀྱི་ཡོད། དེ་ནས་བཟུང་ཐའེ་ཀྲའོ་ཡི་གཞི་ཁྱོན་ཆེ་རུ་ཕྱིན་ནས་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བོད་ཀྱི་དཔལ་འབྱོར་དང་། རིག་གནས། འགྲིམ་འགྲུལ་བཅས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཏུའང་གྱུར་ཡོད།

བཙན་པོའི་ཆར་གཡོལ་བྲག་རྡོ་དང་། ཇ་རྟའི་གནའ་ལམ(ཐང་བོད་གནའ་ལམ) གེ་སར་ལྷ་ཁང་གི་གནའ་ཤུལ། དགེ་བ་ཁྲི་འདུས་རྡོ་རིང་། ཆིང་དམག་གི་གནའ་བོའི་བང་སོ། དམག་སྡེ་བཅོ་བརྒྱད་པའི་ཟམ་པའི་གནའ་ཤུལ་སོགས་ཐའེ་ཀྲའོ་གནའ་གྲོང་ལ་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེའི་རིག་གནས་ཀྱི་ནང་དོན་ཟབ་ལ་ལོ་རྒྱུས་ཀྱི་གནའ་ཤུལ་ཡང་མང་བས་ཐའེ་ཀྲའོ་ནི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་བདེན་དཔང་བྱེད་མཁན་ལོ་ངོ་སྟོང་གི་གནའ་གྲོང་ཞིག་རེད་ཅེས་བརྗོད་ཆོག 2023ལོར་ཐའེ་ཀྲའོ་འདི་ཉིད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས་པ་དང་། ལོ་དེའི་ཟླ་9པར་ལྗོངས་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁང་ཐོག་མ་དེ་ཐའེ་ཀྲའོ་རུ་བཙུགས་ཡོད།

ལོ་རྒྱུས་རྒྱུན་འཛིན་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ།

ཞོགས་པའི་ཆུ་ཚོད་8པར་ནམ་སབ་སིབ་ཏུ་ལངས་མ་ཐག་འཇམ་དབྱངས་ཆོས་གྲགས་མལ་ལས་ལངས་ཏེ་ཁ་ངོ་བཀྲུས་ནས་ཞོགས་ཟས་བཟས་རྗེས་ཐག་མི་རིང་བའི་སར་ཡོད་པའི་ཐའེ་ཀྲའོ་བཤམས་སྟོན་ཁང་དུ་བསྐྱོད།

འདི་ལོ་ལོ་45ལ་སླེབས་པའི་འཇམ་དབྱངས་ཆོས་གྲགས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཐའེ་ཀྲའོ་གྲོང་ཚོའི་མི་ཡིན་ལ་ཐའེ་ཀྲའོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡང་རེད། 2023ལོའི་ཟླ་9ཚེས་27ཉིན་ཐའེ་ཀྲའོ་བཤམས་སྟོན་ཁང་སྒོ་ཕྱེ་བ་དང་ཁོང་ཡང་འགྲེལ་བཤད་པར་གྱུར། “ང་ཚོའི་གྲོང་ཚོར་ལོ་རྒྱུས་ཀྱི་གནའ་ཤུལ་མང་པོ་ཡོད་ལ་རིག་གནས་ཀྱི་ནང་དོན་ཡང་ཟབ་མོ་ལྡན་ཡོད། བཤམས་སྟོན་ཁང་བསྐྲུན་པ་ནི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱིས་ང་ཚོའི་གྲོང་ཚོའི་རིག་གནས་ལ་མཐོང་ཆེན་བྱས་པ་ཞིག་ཡིན་པས་ང་རང་དགའ་སྤྲོ་ཆེན་པོ་བྱུང་། ངས་གྲོང་ཚོའི་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཆེ་བས་འགྲེལ་བཤད་པ་ཞིག་བྱས་ཏེ་ཡུལ་སྐོར་བར་འགྲེལ་བཤད་རྒྱག་གི་ཡོད”ཅེས་འཇམ་དབྱངས་ཆོས་གྲགས་ཀྱིས་བཤད།

“ཆུང་དུས་རྒན་རབས་ཚོས་ང་ལ་ཝུན་ཤིང་ཀོང་ཇོའི་ལོ་རྒྱུས་བཤད་མྱོང་ལ་བྲག་ཕུག་ནང་གི་རྡོ་བརྐོས་རྐུ་བརྙན་ཡང་མཐོང་མྱོང་། སྐབས་དེ་དུས་ཚང་མས་དེའི་རིན་ཐང་ཤེས་ཀྱི་མེད། རྗེས་སུ་འབྲེལ་ཡོད་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས་གཞི་ནས་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་པ་ཤེས་རྟོགས་བྱུང་བས་སྐབས་དེ་དུས་གྲོང་མི་ཚང་མ་ཧང་སངས་སོང་། དེ་དག་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པས་ངེས་པར་དུ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས། སྲོང་བཙན་སྒམ་པོས་ཝུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པ་ནས་རྗེས་སུ་ཆིང་དམག་བོད་དུ་ཡོང་བའི་བར་ཐའེ་ཀྲའོ་གནའ་གྲོང་གི་གནའ་ཤུལ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད”ཅེས་འཇམ་དབྱངས་ཆོས་གྲགས་ཀྱིས་བཤད།

ཐའེ་ཀྲའོ་གྲོང་ཚོའི་འདས་ཟིན་པའི་ལོ་རྒྱུས་ནི་ནང་དོན་ཟབ་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་དང་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་ཤིག་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་དེ་བས་ཡིན། འཇམ་དབྱངས་ཆོས་གྲགས་ཀྱིས་ལས་ཞོར་ཁོམ་པ་སྤྱད་དེ་འབྲེལ་ཡོད་དཔྱད་གཞི་བསྡུ་རུབ་དང་། ལོ་རྒྱུས་རིག་གནས་ལ་སློབ་སྦྱོང་། གྲོང་ཚོའི་རྒན་རབས་པར་བཀའ་འདྲི་ཞུ་བ་བཅས་བྱས་ཏེ་རང་ཉིད་ཀྱིས་ཤེས་པའི་ལོ་རྒྱུས་གཞན་ལ་འགྲེལ་བཤད་བརྒྱབ་ནས་འདི་གར་བྱུང་བའི་གཏམ་རྒྱུད་དར་ཁྱབ་བཏང་སྟེ་ཡུལ་འདིའི་རིག་གནས་ལོ་རྒྱུས་མི་དེ་བས་མང་བས་ཤེས་པ་དང་གྲོང་ཚོའི་རིག་གནས་སྲུང་སྐྱོང་དང་ཡུལ་སྐོར་ལ་སྒུལ་ཤུགས་དེ་བས་མང་བ་བསྣན་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་ནས་གནའ་བོའི་གྲོང་ཚོར་གསོན་ཤུགས་གསར་པ་འཕེལ་བ།

ལོ་ངོ་སྟོང་གི་གནའ་གྲོང་ལ་ཡིད་དབང་འཕྲོག་ཤུགས་གསར་པ་མངོན་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་རྒྱུས་གནའ་ཤུལ་ལ་དོ་དམ་དང་། སྲུང་སྐྱོང་། གསར་སྤེལ་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བེད་སྤྱོད་ལུགས་མཐུན་དང་རྒྱུན་འཛིན་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་ས་གནས་ཀྱི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་སྔར་བས་ལེགས་པར་མངོན་པར་བྱས་ནས“ཐལ་རྡུལ་གྱིས་འཚོས་པའི་དྲན་ཤེས”དག་རྣམ་པ་གསར་རྐྱང་གི་ཐོག་ནས་འོད་སྟོང་འཕྲོ་བར་བྱས་པ་རེད། 2024ལོར་ཐའེ་ཀྲའོ་གནའ་གྲོང་གི་མི་རིགས་མཐུན་སྒྲིལ་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་རྣམ་གྲངས་དེ་ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྔོན་སྤེལ་རྣམ་གྲངས་ཁག་དང་པོར་བཅུག་པ་དང་འབྲེལ་འདི་ལོའི་ཟླ་6པའི་ཟླ་མཇུག་གོང་ཁག་དབྱེ་ནས་ལས་འགོ་ཚུགས་ཡོད།

ཀོང་པོ་རྒྱ་མདའ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་སེན་གྱིས། ཐའེ་ཀྲའོ་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་འཆར་གཞིའི་ནང་གནའ་ཁྲོམ་གྱི་རྣམ་པ་སླར་གསོ་དང་། ཁྱད་ལྡན་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཁེ་ཕན་མཉམ་འབྲེལ་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྣེ་ཁྲིད་བྱེད་པ་བཅས་བསམ་ཕྱོགས་གཙོ་བོར་བྱས་ནས་ཐའེ་ཀྲའོ་ཇ་རྟའི་གནའ་བོའི་ཁྲོམ་གཞུང་གི་རྣམ་པ་དང་འགྲོ་ལམ་སྒྱུར་བཀོད་སོགས་ཀྱི་བྱ་ཐབས་བརྒྱུད། བོད་ཀྱི་དཀྱིལ་ཁུལ་ཇ་རྟའི་གནའ་ལམ་གྱི་རྟ་ཟམ་ཐུན་མོང་མ་ཡིན་པ་ཐའེ་ཀྲའོ་ཡི་དམིགས་བསལ་རྣམ་པ་སླར་གསོ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཁྱད་ལྡན་བཟའ་བཏུང་དང་། ལག་ཤེས་བཟོ་སྐྲུན། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་ལས་རིགས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ“དམངས་སྲོལ་ཁྲོམ་གཞུང”བསྐྲུན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

“ང་ཚོས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་ལས་དོན་ཏན་ཏིག་བསྒྲུབས་ནས། རིག་གནས་ཀྱི་རྩ་བ་རྒྱུན་འཛིན་དང་། གནའ་གྲོང་གི་དྲན་ཤེས་སླར་གསོ། ལོ་རྒྱུས་ཀྱི་གནའ་ཤུལ་དང་གསར་བརྗེའི་ཐོན་ཁུངས་སོགས་བེད་སྤྱོད་ལུགས་མཐུན་འོས་འཚམ་ལ་སྐུལ་འདེད་གཏོང་བ་དང་ཐའེ་ཀྲའོ་ཡི་ཡུལ་སྐོར་ལས་དོན་ཡག་པོ་བསྒྲུབས་ནས་གནའ་བོའི་གྲོང་ཚོར་གསོན་ཤུགས་གསར་པ་འཕེལ་བར་བྱ་རྒྱུ་ཡིན”ཞེས་ཡུས་སེན་གྱིས་བཤད།

རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།

微信

抖音

邮箱

邮箱地址:xzwxbjb@sina.com