མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱལ་ཁབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

发布时间:2024年06月14日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཁག་གིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ཚད་མཐོའི་མོས་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་ནི་ཅི་ཞིག་ཡིན་ནམ། རྒྱལ་ཁབ་ཀྱི་འདུ་ཤེས་ནི་སྤྱི་དམངས་ཀྱིས་རྒྱལ་ཁབ་ལ་འཛིན་པའི་མོས་སེམས་དང་ཤེས་ཚོར་ཞིག་དང་། མི་སྒེར་གྱིས་རང་ཉིད་ཀྱི་མེས་རྒྱལ་གྱི་ལོ་རྒྱུས་འཕེལ་རྒྱས་དང་། རིག་གནས་གསོག་འཇོག རྒྱལ་ཁབ་ཀྱི་ད་ལྟའི་གནས་ཚུལ་སོགས་ལ་ངེས་ཤེས་དང་བསམ་ཤེས་ཀྱི་རྨང་གཞིའི་ཐོག་རིམ་བཞིན་ཆགས་པའི་འགན་འཁྲིའི་བསམ་པ་དང་། སྤོབས་སེམས། གཏོགས་སེམས་བཅས་ཀྱི་ཚོར་སྣང་ཞིག་དང་། དེ་བཞིན་དམིགས་གཏན་འཁེལ་བའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལ་ཁས་ལེན་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཐོབ་ཐང་གཟི་བརྗིད་དུ་འཛིན་པ་ཞིག་ཀྱང་རེད།

རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ངོ་བོ་ནི“མོས་སེམས”ཟབ་ཏུ་གཏོང་རྒྱུ་དེ་ཡིན། ཆིན་རྒྱལ་རབས་གོང་གི་དུས་སྐབས་སུ“ཕྱོགས་ལྔའི་མི་དམངས”གནམ་འོག་གཅིག་ཏུ་བསྡུས་པ་ནས་བཟུང་། གཅིག་གྱུར་ཆེན་པོའི་རྒྱལ་ཁབ་ནང་མི་རིགས་ཁག་གིས་རྒྱུན་ཆད་མེད་པར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་མཉམ་དུ་གཏོད་འགོ་ཚུགས་ཤིང་། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་མངའ་ཁོངས་རྒྱ་སྐྱེད་པ་དང་། ཀྲུང་གོའི་ལོ་རྒྱུས་ཐུན་མོང་ཐོག་བརྩམས་པ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་བཏོད་པ། སྙིང་སྟོབས་རླབས་པོ་ཆེ་ཐུན་མོང་ཐོག་སྐྱེད་སྲིང་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དོན་གཉེར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཆགས་ཡོད། རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ན། ངེས་པར་དུ་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་རྒྱལ་བབ་ལ་སྟངས་འཛིན་ཡང་དག་བྱེད་དགོས་ཤིང་། རང་རེའི་རྒྱལ་ཁབ་ཀྱི་མིང་ཆ་ཚང་དང་། རྒྱལ་ས། རྒྱལ་དར། རྒྱལ་གླུ། རྒྱལ་རྟགས་སོགས་རྒྱལ་ཁབ་ཀྱི་མཚོན་རྟགས་སེམས་ནང་གསལ་པོར་རྟོགས་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་དང་། ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན། བདག་པོའི་འདུ་ཤེས་དང་རྒྱལ་དམངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་བཙུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་སེམས་ལ་དྲན་ཞིང་། གང་སར་མི་དམངས་སེམས་སུ་བཅངས་ཏེ། “རྒྱལ་ཁབ་ལ་ཕན་པ་ཡོད་ན་དེར་དགའ་ཞེན་དང་རྒྱལ་ཁབ་ལ་གནོད་པ་ཡོད་ན་དེར་འཁོན་འཛིན་ཐུབ་པར”བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐོབ་ཐང་ལ་བཅངས་པའི་མོས་སེམས་དང་། རྒྱལ་ཁབ་ལ་བཅངས་པའི་མོས་སེམས། ལས་དབང་གཅིག་མཐུན་ཚོགས་པར་བཅངས་པའི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར། སྤྱི་ཚོགས་ཡོངས་སུ་ཁྱིམ་ཞེན་རྒྱལ་ཞེན་གྱི་འདུ་ཤེས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁྱིམ་གཅེས་དང་རྒྱལ་གཅེས་གཅིག་གྱུར་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་བཅས་བྱེད་དགོས། མིག་སྔར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་གནད་ལ་འཁེལ་པོས་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས་ལས་དོན་ཁག་སྤེལ་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕྱིར་བཤོལ་གཏན་ནས་མི་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ཕྱོགས་གཏོགས་དང་མཐའ་གཅིག་ཏུ་འཐབ་རྩོད་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས། 

རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར། 


微信

抖音

邮箱

邮箱地址:xzwxbjb@sina.com