“འགག་རྩའི་ཉུང་ཤས”ཀྱི“འགག་རྩའི་ནུས་པ”འདོན་དགོས།

发布时间:2024年06月14日 文章来源:བོད་ལྗོངས་ཉིན་རེའི་ཚག་པར།

འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མདུན་དུ་ཤོར་དགོས་པ་དང་སྔོན་ལ་བྱེད་དགོས་པ་ནི་ཏང་གི་བྱ་གཞག་ལེགས་འགྲུབ་ཡོང་བའི་འགག་རྩ་རེད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཡུལ་ནི་ཏང་ཡོན་ཡོངས་རེད། དེས་ན“འགག་རྩའི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཚད་གཞི་དེ་བས་མཐོ་པོ་བཟོ་བ་དང་བླང་བྱ་དེ་བས་ནན་པོ་དོན་འཁྱོལ་བྱས་ཏེ་འགག་རྩའི་ནུས་པ་འདོན་དགོས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་མཁན་གྱི་སྒྲིག་འཛུགས་པ་དང་། སྐུལ་འདེད་པ། ལག་ལེན་པ་བཅས་ཡིན་པའི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བློ་རྩ་གཅིག་ཏུ་བསྒྲིམས་ནས་སྒྲིག་ཁྲིམས་སྦྱོང་བ་དང་། ཡང་དག་པའི་སྒོ་ནས་སྒྲིག་ཁྲིམས་ཤེས་པ། བསྡུར་བ་ཡང་ཡང་བྱས་ནས་སྒྲིག་ཁྲིམས་དམ་པ། དམ་ཞིང་ནན་པོས་སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་མདུན་དུ་སྐྱོད་ཕོད་པ་དང་མིག་དཔེ་སྟོན་ཕོད་པར་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་རང་གིས་རང་ལ་གཅུན་འདོམས་ནན་པོ་བྱེད་པ་དང་། རང་གི་འགན་འཁྲི་རང་གིས་གཙང་སྒྲུབ་བྱེད་པ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཕྱོགས་སུ་སྤེལ་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་འཕེལ་རྒྱས་ལ་དམ་འཛིན་དང་བྱ་གཞག་འབད་སྒྲུབ་བྱེད་དགོས།

 སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་མདུན་དུ་སྐྱོད་ཕོད་པ་དང་མིག་དཔེ་སྟོན་ཕོད་པར་བྱེད་དགོས་ཤིང་། སྒྲིག་ཁྲིམས་སློབ་སྦྱོང་བྱས་ན་གཞི་ནས་སྒྲིག་ཁྲིམས་ཤེས་ཐུབ། སྤུས་ཚད་མཐོ་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ངེས་པར་དུ་སློབ་སྦྱོང་གི་གཙོ་གནད་དམ་པོར་བཟུང་སྟེ། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་བསྟར་བར་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གསལ་པོ་བླངས་ཏེ། གཞན་ལས་སློབ་སྦྱོང་གོམ་པ་གང་སྔོན་ལ་བྱེད་ཐུབ་པ་དང་གཞན་ལས་གཏིང་ཟབ་པ་ཤེས་པར་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད་དེ་བས་ལྷག་བསམ་རྣམ་དག་དང་། དེ་བས་སྤྱོད་པ་གཙང་བ། དེ་བས་འགན་འཁྲི་ཐེག་ཁུར་བཅས་ཡོང་གང་ཐུབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་བསམ་བློའི་གོ་རྟོགས་དང་ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བའི་བརྒྱུད་རིམ་ལ་འགྱུར་བ་བྱེད་དགོས།

དངོས་སུ་སྒྲུབ་པའི་ཐད་མདུན་དུ་སྐྱོད་ཕོད་པ་དང་མིག་དཔེ་སྟོན་ཕོད་པ་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་ཆུང་ཙག་ནས་འགོ་བརྩམས་ཏེ། སྒྲིག་ཁྲིམས་ཀྱིས་རང་ཉིད་ཀྱི་གཏམ་སྤྱོད་ལ་ཞིབ་ལྟ་བྱེད་པ་དང་། རྐྱེན་ཆུང་ས་ནས་འགོག་པའི་འདུ་ཤེས་བཅངས་ནས་བྱ་བ་ཆུང་ཙག་དང་། གནད་དོན་ཆུང་ཙག ཁེ་ཕན་ཆུང་ཙག་བཅས་ལ་ལྟ་སྟངས་འཛིན་པ། གཞུང་སེམས་ཆེ་བ་དང་། སྒེར་སེམས་མེད་པ། ཁེ་གྲགས་སྤོང་བ་བཅས་ཀྱི་བསམ་བློའི་གོ་རྟོགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རང་ཉིད་ཀྱི་བློ་རྩ་རྡོ་རྗེ་བྲག་བཞིན་དངོས་འབྲེལ་བརྟན་པོར་ཚུགས་ཐུབ་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན། སྒྲིག་ལམ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་ནི་མ་མཐའི་བླང་བྱ་ཙམ་ཡིན། གཅུན་འདོམས་ནན་པོའི་འོག་ཏུ་བྱེད་ཕོད་པ་དང་བྱེད་མཁས་པོ་བྱེད་རྒྱུ་ནི་ལྡན་དགོས་པའི་འཇོན་ཐང་ཞིག་རེད། ཏང་ཡོན་ལས་བྱེད་པར་འགན་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་རྒྱུའི་སྐུལ་ལྕག་གཏོང་བ་དང་། ལྟ་སྐུལ་དོ་དམ་ནན་པོ་དང་རང་འགན་ཐེག་པ་ཁུར་ལེན་དང་ལྕག་སྐུལ་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་སེམས་མཐུན་དང་། བློ་བདེ། ལས་སྒྲུབ། ལས་གཏོད་བཅས་ཀྱི་ཁོར་ཡུག་ཡག་པོ་གཏོད་པ། ཏང་ཡོན་ལས་བྱེད་པར་འཐབ་རྩོད་བྱེད་ཕོད་པ་དང་འགན་འཁྲི་ཡང་དག་བསྒྲུབ་རྒྱུའི་སྐུལ་འདེད་གཏོང་བ་བཅས་བྱས་ནས། “དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་རིང་རང་འགན་ཐེག་པ་དེ་བས་ཆེན་པོ་ཁུར་ཚུལ་མངོན་པར་ཁྲིད་སྟོན་བྱེད་དགོས།

 སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཐད་མདུན་དུ་སྐྱོད་ཕོད་པ་དང་མིག་དཔེ་སྟོན་ཕོད་པར་བྱེད་དགོས་ཤིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་བཙུགས་ནས་ཏང་གི་རྩ་དོན་དང་། སྒྲིག་ཁྲིམས། སྒྲིག་ལམ་བཅས་ལ་ནན་པོར་གཞིགས་ནས་བྱ་བ་བསྒྲུབས་ཏེ། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དེ་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བ་བྱེད་དགོས། འབད་བརྩོན་བྱེད་ཕོད་པ་དང་བྱེད་མཁས་པོ་དང་། སྒྲིག་ཁྲིམས་ལག་བསྟར་ནན་ཞིང་གནད་འཁེལ། སྒྲིག་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་དམིགས་བསལ་གང་ཡང་མེད་པར་བྱེད་ཐུབ་པ། སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་འབྲེལ་མཐུད་ཡག་པོ་ཡོང་བར་སྐུལ་འདེད། སྒྲིག་ཁྲིམས་ལག་བསྟར་ལ་འབྲེལ་མཐུད་ཡག་པོ། སྒྲིག་ཁྲིམས་ལག་བསྟར་གྱི་མཉམ་ཤུགས་ཤིག་ཆགས་པ། ཏང་ནན་པོས་སྐྱོང་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པས་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངེས་པར་དུ་རང་རྟོགས་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། འགག་རྩའི་ནུས་པ་འདོན་པ། “མང་ཆེ་ཤོས”ལ་སྐུལ་ཁྲིད་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། སློབ་སྦྱོང་གི་ཕན་འབྲས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།

རྩོམ་སྒྲིག་པ། ནོར་འཛིན་གསལ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com