ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་གཏོད་དགོས།

发布时间:2024年06月07日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་53པ་འཆར་ཉེའི་མཚམས་སུ། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་ཕྱིར་མིག་བལྟ་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ལ་རྒྱང་ལྟ་བྱེད་སྐབས། ལྷ་སའི་ལྷོ་རི་བྱང་རིར་སྔོ་ལྗང་གི་ལོ་འདབ་རྒྱས་ནས་གང་སར་སྔོ་ཐིང་ཐིང་དུ་གྱུར་བཞིན་མཆིས། ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་གིས་བརྒྱན་པར་བྱ་ཆེད། 2021ལོར་ལག་བསྟར་བྱེད་འགོ་ཚུགས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་དང་སྐྱེ་ཁམས་གནས་འཕྲོད་ཀྱི་ས་མཐོའི་ལྟེ་བའི་གྲོང་ཁྱེར་འཛུགས་གཏོད་ཀྱི་དམིགས་ཚད་གཏན་འཁེལ་བྱས་ནས་ལོ་ཤས་རིང་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན་ལྷོ་རི་བྱང་རི་སྔོ་ཐིང་ཐིང་དུ་གྱུར་པ་མ་ཟད། རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆའི་སྔོ་ལྗང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་བསྣན་ནས“དཔྱིད་ཀར་མེ་ཏོག་སྣ་ཚོགས་བཞད་པ་དང་། དབྱར་ཁར་ལྗོན་ཤིང་གི་གྲིབ་བསིལ་ཡོད་པ། སྟོན་ཀར་ཚོན་མདངས་བཀྲ་བའི་འདབ་ལོས་བརྒྱན་པ། དགུན་ཁར་སྔོ་ལྗང་ལྗོན་ཤིང་མཐོང་རྒྱུ་ཡོད་པ”བཅས་ཀྱི་འདུན་པ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད།

རིམ་རྩིས་བྱས་ན། ནགས་བཟོ་མུའུ་ཁྲི་40ལྷག་ཙམ་དང་སྡོང་ཕྲུག་སྣ་ཚོགས་ཁྲི་8000ལྷག་ཙམ་བཏབ་པ་དང་། འཆར་འགོད་ཀྱི་སྣེ་ཁྲིད་དང་བརྒྱུད་རིམ་ལྡན་པའི་འཆར་འགོད་མཐའ་འཁྱོངས་བྱས་ནས་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་རབ་དང་རིམ་པ་བཟོས་ནས་བཏོན་ཏེ་སྔོ་འགྱུར་ལས་གྲྭ་ཚད་ལྡན་ཅན་གྱི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང། ཚད་གཞི་མཐོན་པོས་སྤུས་ཚད་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་བར་བརྟེན་ཤིང་འཛུགས་ནགས་བཟོའི་གསོན་ཚད་80%ཡན་ཟིན་པ། ཞིང་འབྲོག་མང་ཚོགས་ནགས་བཟོའི་ཐོན་སྐྱེད་ལག་ལེན་ནང་རྒྱ་ཁྱབ་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་དང་སྔ་རྗེས་སུ་མི་ཐེངས་ཁྲི་500ཙམ་ཞུགས་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་18.6ཙམ་བྱུང་བ་བཅས་གནད་སྨིན་གྱི་བྱེད་ཐབས་རེ་རེ་དང་། བཀྲག་མདངས་འཚེར་བའི་གྲངས་གཞི་རེ་རེ། གསོན་ཉམས་དོད་པའི་བྱ་བ་རེ་རེ་ལས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་འཚམ་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ། བོད་ཀྱི་བློ་གྲོས་མངོན་པ་བཅས་ཀྱི་ནགས་བཟོའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པར་རྒྱུན་མཐུད་དཔང་པོ་བྱས་པ་མ་ཟད། ང་ཚོས་ཤུགས་སྣོན་ཆད་མེད་དང་རྙིང་རུས་གཏན་འཁྱོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རི་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གཏོད་པའི་བློ་སྒོ་ཕྱེ་ཡོད།

བཀྲག་མདངས་འཚེར་བའི་མིང་བྱང་གཏོད་པར། ངེས་པར་དུ་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ནི་ཤིང་འཛུགས་ནགས་བཟོ་ཁོ་ན་མིན་པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ལྷག་པར་དུ“རི་བོ་གཉིས”ཀྱི་འདུ་ཤེས་ཁྲོད་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དབར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་གོ་བ་གཏིང་ཟབ་བླངས་ནས་འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི”ཆབ་སྲིད་ཀྱི་་ལས་འགན་གལ་ཆེན་དེ་ཞིབ་ཕྲ་ཅན་དང་ལག་ལེན་ཅན་དུ་འགྱུར་བར་བྱ་རྒྱུ་དེ་ཡིན། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་བྱ་སྤྱོད་དངོས་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམ་འཛིན་བྱ་གཞིར་གལ་ཆེན་བཅས་ལ་བརྩིས་ཏེ་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འོས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོའི་ལས་གྲྭ་དེ་ཡག་པོ་སྒྲུབ་དགོས།

བཀྲག་མདངས་འཚེར་བའི་མིང་བྱང་གཏོད་པར། ངེས་པར་དུ་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་འདུ་ཤེས་བརྟན་པོར་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཡིན་ལ། ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཡང་ཡིན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཡང་འདུས་ཡོད་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ལ་གནས་འཕྲོད་ལས་འཚམ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གཏོད་རྒྱུ་ནས་འགོ་འཛུགས་པ་དང་། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས། བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག གསོ་སྦྱོང་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་སྔོ་འགྱུར་ནགས་བཟོའི་ནང་ལས་ཞུགས་ཐུབ་རྒྱུར་སྐུལ་སློང་ཧུར་ཐག ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བཅས་བྱས་ཏེ་མང་ཚོགས་ལ་ལྗང་མདོག་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། ཐོག་མཐའ་བར་གསུམ་དུ་སྔོ་ལྗང་དང་། མཁའ་རླུང་གཙང་བ། ཁོར་ཡུག་མཛེས་པ་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་སྐོང་རྒྱུ་དམིགས་ཡུལ་དུ་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཚེ། ང་ཚོས་ལྷ་སའི་ལྷོ་རི་བྱང་རིའི་སྐྱེ་ཁམས་བཅོས་སྐྱོང་གི་ལེའུ་གསར་པ་དང་། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན

རྩོམ་སྒྲིག་པ། ས་སངས་སྒྲོལ་དཀར།

微信

抖音

邮箱

邮箱地址:xzwxbjb@sina.com