“ཡར་ཀླུང་བཀྲ་ཤིས་ཞོལ་པ་ནི་རང་རྒྱལ་གྱི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པ་དང་། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་ཡར་ཀླུང་བཀྲ་ཤིས་ཞོལ་པ་ལྷ་མོ་འབྱུང་གནས་ཡིན་པར་བརྟེན‘ལྷ་མོའི་གྲོང་ཚོ་དང་པོ’ཞེས་པའི་མཚན་སྙན་ཐོབ། ‘རིག་གནས་ཀྱི་གཏེར་མཛོད’ཡིན་པའི་གྲོང་ཚོ་དེ་ང་ཚོའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་གནས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་མི་རིགས་དང་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བྱམས་པས་བཤད་ཅིང་། ཁོང་ད་རེས་པེ་ཅིང་དུ་བསྐྱོད་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོ་བཙུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གཏོད་པའི”གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས་པའི་སྐབས་དེའི་སྐོར་གླེང་རིམ་བཞིན་འཛུམ་དམུལ་དམུལ་གྱི་རྣམ་འགྱུར་བསྟན།
“ཡར་ཀླུང་བཀྲ་ཤིས་ཞོལ་པར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། མི་རབས་ནས་མི་རབས་བར་འཁྲབ་སྟོན་བྱས་ནས《ཆོས་རྒྱལ་ནོར་བཟང》དང《སྣང་ས་འོད་འབུམ》སོགས་སྲོལ་རྒྱུན་འཁྲབ་གཞུང་གིས་མི་རྣམས་ལ‘བདེན་ལེགས་མཛེས་གསུམ’དོན་དུ་གཉེར་དགོས་ལུགས་བསྟན་པས་རྒན་དར་གཞོན་གསུམ་ཚང་མས་དགའ་པོ་བྱེད་ཀྱི་ཡོད། ལོ་འགའི་གོང་། ང་ཚོས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལྷ་མོ་དང་ཁྱིམ་ཚང་མགྲོན་ཁང་ཟུང་འབྲེལ་བྱས་ཡོད་པས། ད་རེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་འདི་གར་ལྟ་སྐོར་སྤེལ་རེས་བྱེད་པར་ཡིད་དབང་བཀུག་པའི་སྐབས་དང་བསྟུན་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་བྱུང་ན་ཅི་མ་རུང་སྙམ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཡུལ་སྐོར་བ་ཡོང་ནས་ཞག་སྡོད་བྱས་པ་མ་ཟད། ས་གནས་ཀྱི་ཡུལ་མི་དང་སྤེལ་རེས་བྱེད་རིང་མཛའ་གྲོགས་ཟབ་ཏུ་སོང་ཡོད”ཅེས་བྱམས་པས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་དེ་ཡུལ་སྐོར་བ་དང་ཡུལ་མིའི་དབར་བརྩེ་སེམས་ཟབ་ཏུ་གཏོང་བའི་འགོ་འཛུགས་ས་ཞིག་ཏུ་གྱུར་ཡོད་ཅེས་བཤད།
བྱམས་པས་བལྟས་ཚེ། “ལྷ་མོ་དང་ཁྱིམ་ཚང་མགྲོན་ཁང་ཟུང་དུ་འབྲེལ་བ”དེ་ས་གནས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་ཚོད་ལྟ་ཆེན་པོ་བྱེད་པ་ཞིག་རེད། ས་གནས་དེ་གར་ད་དུང་སྔོག་འདོན་བྱེད་རིན་ཡོད་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཤུལ་བཞག་དང་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད།
བྱམས་པས། མིག་སྔར་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱུང་མེད་ལ། རིམ་སྤོར་ཐད་ཆེད་ལས་ཤེས་ལྡན་པ་དང་མ་དངུལ་གྱི་འགན་ལེན་ཡང་མི་འདང་བས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་ནས་ལྷོ་ཁས་རང་ངོས་ཀྱི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པར་རམ་འདེགས་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱུན་མཐུད་ལེགས་གཏོང་དང་། འབྲེལ་ཡོད་ཤེས་ལྡན་པ་གསོ་སྐྱོང་དང་གདན་འདྲེན་པ། ས་གནས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྔོག་འདོན་དང་ཡག་པོ་བརྗོད་པ་བཅས་ལ་རམ་འདེགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་རྒྱུའི་རེ་བ་ཡོད་ཅེས་བཤད།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站