ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ།“མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཀྱི་ནང་དོན་འདེགས་སྐྱོར་དུ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་སྟོབས་ཤུགས་ཀྱི་རྩ་བར་བྱེད་པ། གནས་ལུགས་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། གོ་བ་གསལ་པོ་ལོན་པ། གསོན་ཤུགས་འཕེལ་བ་བཅས་བྱེད་པ། གཞུང་འཁྱོངས་གསར་འབྱེད་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
བསམ་བློ་ཆབ་སྲིད་ཀྱི་ལས་དོན་ནི་སློབ་གྲྭའི་ལས་དོན་ཁག་གི་སྲོག་རྩ་ལྟ་བུ་རེད། བསམ་བློ་ཆབ་སྲིད་སློབ་ཚན་ལེགས་པར་གཉེར་བའི་ཆེས་རྩ་བ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྟེ་བའི་ནང་དོན་དུ་བྱེད་པའི་སློབ་ཚན་གྱི་བསླབ་གཞིའི་མ་ལག་གང་མགྱོགས་སྐྲུན་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཁོང་དུ་ཆུད་པ་དང་སེམས་སུ་འཇགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་ཐུགས་བློ་བདེ་བ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།
བསམ་བློ་ཆབ་སྲིད་ཀྱི་ལས་དོན་རྩ་བའི་ཐོག་ནས་བརྗོད་ན། མི་ཚུལ་ལྡན་ཞིག་བྱེད་པའི་ལས་དོན་དེ་ཡིན་པས། དོན་དངོས་དང་ཟུང་འབྲེལ་བྱེད་པར་ངེས་པར་དུ་སློབ་མར་དམིགས་པ་དང་། སློབ་མར་ལྟ་སྐྱོང་བྱེད་པ། སློབ་མར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། སློབ་མའི་བསམ་བློའི་ཆུ་ཚད་དང་། ཆབ་སྲིད་ཀྱི་གོ་རྟོགས། ཀུན་སྤྱོད་ཀྱི་གཤིས་རྒྱུད། རིག་གནས་ཀྱི་བྱང་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཤེས་ལྡན་པར་འགྱུར་བ་བྱེད་དགོས། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེའི་སློབ་གསོའི་སྐུལ་ལྕག་ནུས་པ་གང་ལེགས་འདོན་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ་སློབ་མ་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་རྟོགས་པར་ཁྲིད་སྟོན་བྱེད་དགོས། “བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོར”བརྟེན་ནས་ཕྱོགས་ཡོངས་ནས་མི་སྣ་སྐྱོང་བའི་རྣམ་པ་གསར་པ་རྒྱ་ཆེར་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆུང་ངུ་དང་སྤྱི་ཚོགས་ཀྱི་སློབ་ཁང་ཆེན་པོ་ཟུང་འབྲེལ་བྱས་ཏེ་སློབ་མ་ཚོས་དེ་བས་ལེགས་པའི་སྒོ་ནས་རྒྱལ་བབ་དང་དམངས་བབ་ཤེས་རྟོགས་ཐུབ་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སློབ་ཚན་གྱི་དམིགས་ཚད་གོམ་པ་རིམ་བགྲོད་དང་འཁོར་སྐྱོད་ཡར་འགྲོའི་སྒོ་ནས་ཇུས་འགོད་བྱེད་པ། སློབ་མའི་བསམ་བློ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་དོན་དངོས་དང་བསྟུན་ནས་སློབ་མ་ཚོས་སློབ་ཚན་ཉན་པ་དང་སློབ་སྦྱོང་བྱེད་པའི་སྤྲོ་བ་འཕེལ་བ་དང་སློབ་མ་ཚོས་ཤེས་པ་དང་སྦྱོང་ཐུབ་པ་བྱེད་པ་ལས་ཡིག་ཆ་ཁྱེར་ནས་སྒྲོག་སྦྱངས་བྱེད་མི་རུང་ལ། གསོན་ཉམས་དོད་པོ་མེད་པ་དང་སྙིང་པོ་མེད་པ་གཏན་ནས་བྱེད་མི་རུང་།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站