བཟའ་བཅའི་བདེ་འཇགས་སྲུང་བར་ཁྲིམས་སྐྱོང་སྔོན་སྐྱོད་བྱེད་དགོས།

发布时间:2024年05月15日 文章来源:དྲ་འཕྲིན་གཞུང་ལས་ཁང་།

   དམངས་ལ་མཁོ་བ་ཟས་ཡིན་ལ། ཟས་ལ་དགོས་པ་བདེ་འཇགས་ཡིན། ཟས་རིགས་ནི་མིའི་རིགས་ཀྱི་འཚོ་གནས་ཁྲོད་ནུས་པ་འདོན་སྤེལ་བྱེད་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན་ལ། དུས་རབས་གང་འདྲ་ཞིག་ཡིན་རུང་བཟའ་བཅའི་བདེ་འཇགས་ནི་མི་རྣམས་ཀྱི་ཆེས་དོ་འཁུར་བྱེད་པའི“དོན་ཆེན”ཞིག་ཀྱང་ཡིན། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བ་དང་བསྟུན་ནས། བཟའ་བཅའི་རིགས་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་རྒྱལ་ཡོངས་དང་ཐ་ན་འཛམ་བུ་གླིང་གི་ཟས་རིགས་ཀུན་སྒྲོག་རྩེ་གཅིག་གི་སྟེང་དུ་འཛོམས་ཀྱི་ཡོད། མི་རྣམས་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་ལོངས་སུ་སྤྱོད་པ་དང་དུས་མཚུངས། བཟའ་བཅའི་བདེ་འཇགས་ལ་འགན་ལེན་ཐུབ་མིན་གྱི་གནད་དོན་ཡང་ཐོན་བཞིན་ཡོད།

བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་འཐུས་ཚང་དུ་གཏོང་དགོས།ཁྲིམས་ལུགས་ཐོག་ཚད་གཞི་ཁ་གསལ་འདོན་དགོས་ཤིང་། ཚད་གཞི་ཁ་གསལ་མེད་ན་ནུས་པ་དང་ལྡན་པའི་ལྟ་སྐུལ་དོ་དམ་བྱེད་མི་ཐུབ། རང་རྒྱལ་གྱི་ཟས་རིགས་ཐོན་ལས་ལ་བདེ་འཇགས་ཀྱི་ཚད་གཞི་ལོན་མིན་དང་གཅིག་འགྱུར་ཡིན་མིན་གྱི་གནད་དོན་དུ་མ་ཐོན་གྱིན་ཡོད་པས། ངེས་པར་དུ་ཁྲིམས་ལུགས་ཁྲིམས་སྲོལ་ཁྲོད་ཀྱི་འབྲེལ་ཡོད་གཏན་འབེབས་ལེགས་བཅོས་བྱས་ནས། གཅིག་འགྱུར་དང་ཕྱོགས་ཡོངས། བཀོལ་སྤྱོད་བྱེད་ཆོག་པའི་ཚད་ལྡན་མ་ལག་ཅིག་ཆགས་པ་བྱས་ཚེ། གཞི་ནས་ཁེ་ལས་ཐོན་སྐྱེད་ཀྱི་ཚད་གཞི་གཏན་འཁེལ་དང་། ཚན་པ་ཁག་གིས་གཅིག་འགྱུར་གྱི་ཚད་གཞི་འཛིན་ནས་ནུས་ལྡན་གྱི་ལྟ་སྐུལ་བྱེད་ཐུབ།

ཁྲིམས་ལུགས་ལ་བརྟེན་ནས་འགན་འཁྲི་ཁ་གསལ་བཟོ་དགོས།འགན་འཁྲི་ཁ་གསལ་མེད་ན་ལག་བསྟར་གྱི་ནུས་པ་མེད། ཁྲིམས་ལུགས་ལ་དབང་གྲགས་ཀྱི་རང་བཞིན་དང་ནན་པོའི་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་ལེགས་བཅོས་དང་ཁྲིམས་ལུགས་ལ་བརྟེན་ནས་ཁེ་ལས་ཀྱི་འགན་འཁྲི་དང་ཚན་པ་ཁག་གི་ལྟ་སྐུལ་གྱི་འགན་འཁྲི། སྲིད་གཞུང་གི་ཁོངས་གཏོགས་དོ་དམ་འགན་འཁྲི་བཅས་ཤུགས་ཆེར་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

ཁྲིམས་ལུགས་ཀྱི་སྐྱེ་སྟོབས་ཀྱི་ནུས་པ་དང་དབང་གྲགས་ནི་ལག་ལེན་ལ་ཐུགས་ཡོད།སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་ལེགས་བཅོས་དང་ཆེས་ནན་པའི་འགན་འཁྲི་རྩད་གཅོད་ལམ་ལུགས་འཛུགས་དགོས། བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་གྱི་ཁེ་ལས་དང་མི་སྒེར་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ལེགས་པོ་མ་བྱས་པའི་ཚན་པ་དང་མི་སྒེར་ལ་ཆད་པ་ཤུགས་ཆེན་གཏོང་དགོས་ལ། ལྟ་སྐུལ་འགན་འཁྲི་མི་འཁུར་བའི་ཚན་པ་དང་མི་སྣར་ཆད་པ་ཤུགས་ཆེན་གཅོད་དགོས། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་དང་། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བཅས་བྱེད་དགོས།

ཁྲིམས་འགལ་བྱ་སྤྱོད་ཀྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ནི་ཉེས་པར་ཉེས་ཆད་གཅོད་རྒྱུ་དེ་མ་ཡིན་པར།དོན་ངོ་མའི་ཟིལ་སྣོན་དང་ཉེན་བརྡའི་ནུས་པ་ཐོན་པའི་ཆེད་དུ་ཡིན། ཁྲིམས་ལུགས་ལ་བརྩི་སྲུང་དང་མཐའ་ཚད་ནན་སྲུང་། འགན་འཁྲིའི་འདུ་ཤེས་སྲ་བརྟན་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ལ། བཟའ་བཅའི་ཐོན་ལས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཡོང་རྒྱུར་ཏན་ཏིག་དང་སྤྱི་དམངས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་འགན་ལེན་བྱེད་དགོས། 

རྩོམ་སྒྲིག་པ། ཟླ་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com