གྲོང་ཚོ་མཛེས། མང་ཚོགས་ཕྱུག ཐོན་ལས་དར།

发布时间:2024年04月11日 文章来源:

ཟླ་བ་བཞི་པར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། དྲོ་འཇམ་ཉི་འོད་ཀྱི་འོག་ཏུ་རྒྱལ་མོ་རྔུལ་ཆུའི་ངོགས་སུ་ཆགས་པའི་སུམ་མདོ་གྲོང་ཚོའི་བཀོད་པ་ཧ་ཅང་གཙང་བ་དང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ། གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་ནས་གྲོང་མིའི་དགོད་སྒྲ་ལྷང་ལྷང་དུ་གྲགས།

གཞུང་ལས་ཁང་དུ་འགྲོ་སྐབས་ན་གཞོན་མི་ཉུང་བ་ཞིག་གིས་རྒན་རྒོན་ཀྲེན་གོ་ཡི་སར་རུབ་རུབ་བྱས་ནས་བསྡད་དེ། འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པའི་སྐོར་ཉན་བཞིན་འདུག “སྔོན་མ་ལྟོ་གྲོད་པ་རྒྱགས་པ་བཟའ་རྒྱུ་མེད་ལ་གོས་ཀྱིས་ལུས་དྲོད་པ་གྱོན་རྒྱུ་མེད། ཤང་ལ་ཡར་མར་འགྲོ་ཐེངས་གཅིག་ལ་ཉིན་བཅུ་གྲངས་འགོར་བ་ནི་ཆུང་བྱིས་པའི་དུས་ཀྱི་དྲན་ཤེས་ཟབ་ཤོས་ཀྱི་བྱ་བ་ཅིག་རེད་འདུག ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོར་ས་ཞིང་རང་བདག་བྱུང་བ་མ་ཟད། གྲོང་ཚོར་ཆུ་དང་། གློག ལམ། ཆ་འཕྲིན་སོགས་ཁྲིད་པ་ལས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་སོང”ཞེས་ཁོང་གིས་བཤད།

སྲང་ཐ་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་རྒྱལ་མོ་རྔུལ་ཆུའི་ངོགས་སུ་ཆགས་ཤིང་། པིང་ཚ་རྫ་ལམ་ཐིག་གི“བོད་དུ་སྐྱོད་སའི་གྲོང་ཚོ་དང་པོ”ཞེས་འབོད་སྲོལ་ཡོད། དེ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པའི་ཐད་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་སྲང་ཐ་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་དེ་ཉིད་འདེགས་སྐྱོར་དུ་བྱས་ནས“རྒྱལ་ལམ་219ཡི་པིང་ཚ་རྫ་ལམ་ཐིག་གི་ཡུན་ནན་ནས་བོད་དུ་སྐྱོད་སའི་གྲོང་ཚོ་དང་པོའི”སྤུས་རྟགས་བཏོད་པའི་ཁར། སྐྱེ་ཁམས་ཡག་པོ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། གྲོང་གསེབ་ཀྱི་དམངས་སྲོལ་ཕུན་སུམ་ཚོགས་པ་བཅས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ལ་གཞི་ཚུགས་ནས་དམངས་སྲོལ་གནས་ཚང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ད་ཆ་གྲོང་ཚོར་དམངས་སྲོལ་གནས་ཚང་8ཡོད་པ་རེད།

དམངས་སྲོལ་གནས་ཚང་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་སྲང་ཐ་གྲོང་ཚོར་ད་དུང་ཆུ་ཚན་མགྲོན་ཁང་ཡང་བཙུགས་ཡོད། མགྲོན་ཁང་དུ་ཡུལ་སྐོར་བས་ཆུ་ཚན་རྒྱག་ཞོར་ལ་རྒྱལ་མོ་རྔུལ་ཆུའི་བརྗིད་ཉམས་ཀྱང་ཉམས་སུ་མྱོང་ཆོག་གི་ཡོད།

སྲང་ཐ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེང་ན་ཡིས“2018ལོར་རིམ་ཁག་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག གྲོང་ཚོས་སྲང་ཐ་གྲོང་ཚོའི་ཆུ་ཚན་མགྲོན་ཁང་རྣམ་གྲངས་བཏོད་པར་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་380ཟིན་གྱི་ཡོད། མིག་སྔར་མགྲོན་ཁང་ལ་འགྲུལ་ཁང་ཁང་མིག་8དང་། ཟ་ཁང་1 ཆུ་ཚན་རྫིང་བུ་6བཅས་ཡོད། ད་ལྟ་ཡུལ་མི་སྒྲུབ་དགེ་ཡིས་འགན་གཙང་བླངས་ཡོད་པ་དང་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་བགོ་འགྲེམས་སྒོར་ཁྲི་1.5རྒྱག་གི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

ཚད་ཡོད་ཀྱི་ས་ཞིང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་ཆེད། སྲང་ཐ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་སེ་འབྲུ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། 2017ལོར་སེ་འབྲུ་མུའུ་126འདེབས་འཛུགས་བྱས་པ་དང་ད་ཆ་འབྲས་བུ་སྨིན་ཞིང་2022ལོར་སླར་ཡང་མུའུ་140རྒྱ་སྐྱེད་བཏང་ཡོད། “2023ལོར་སེ་འབྲུ་འདེབས་འཛུགས་ཁོ་ན་ལས་ང་ཚོ་སྲང་ཐ་གྲོང་ཚོའི་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3300བྱུང་སོང”ཞེས་སྲང་ཐ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མགོན་གྲུབ་ཀྱིས་བཤད་བྱུང་།

སྲང་ཐ་གྲོང་ཚོར་སེ་འབྲུའི་ཐོན་ལས་ཡོད་པ་མ་ཟད། ད་དུང་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་སྣང་ཆེན་ཡང་བྱེད་ཀྱི་ཡོད། ཏུང་ཆི་ལུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན“ལོ་རབས་དགུ་བཅུ་ནང་སྐྱེས”ནུའུ་རིགས་ཀྱི་གཞོན་ནུ་བཀྲ་ཤིས་དོན་གྲུབ་ཀྱིས་འཛད་སྤྱོད་པར་བེ་ཤ་སྐམ་པོ་དང་རི་སྐྱེས་སྦྲང་རྩི་སོགས་ཐུམ་བརྒྱབ་སྟེ་སྦྲག་ཐོག་ནས་བསྐུར་རྩིས་བྱེད་བཞིན་ཡོད། “ད་ཆ་འགྲིམ་འགྲུལ་ཉིན་བཞིན་སྟབས་བདེ་རུ་འགྲོ་གི་འདུག ང་ཚོས་དྲ་ཐོག་ནས་ཉི་སྐམ་བཏང་བའི་ནགས་ཁྲོད་ཐོན་ཁུངས་འཚོང་གི་ཡོད། སེ་འབྲུ་དང་བེ་ཤ་སོས་པ་སོགས་དུས་ཐོག་ཏུ་ཉིང་ཁྲི་དང་ལྷ་ས་སོགས་ཀྱི་སྒོ་རྩིས་ཚོང་ཁང་དང་ཤིང་འབྲས་ཁྲོམ་རར་འཚོང་བར་སྐྱེལ་གྱི་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་བྱུང་།

ཉེ་བའི་ལོ་ཤས་རིང་སྲང་ཐ་གྲོང་ཚོའི་ནགས་ཁྲོད་ཐོན་ཁུངས་ཀྱི་ཐོན་ཚད་ཉིན་བཞིན་མང་དུ་ཕྱིན་ཞིང་། བཀྲ་ཤིས་དོན་གྲུབ་ཀྱིས་ཞིང་ཞོར་ཐོན་རྫས་ཐད་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་གལ་ཆེའི་རང་བཞིན་རིམ་བཞིན་ཤེས་རྟོགས་ཐུབ་ཡོད། གྲོང་མིས་ཐོག་མཐའ་བར་གསུམ་དུ་སྔ་མོའི་ཞིང་ཞོར་ཐོན་རྫས་བཙོངས་ཏེ་ཡོང་འབབ་འཕར་ཐབས་བྱས་ནས་བསྡད་ན་འགྲིག་ཐབས་མེད། ངེས་པར་དུ་ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་བཏང་ནས་ཞིང་ཞོར་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། གོམ་སྟབས་རྗེས་མར་ང་ཚོའི་མཉམ་ལས་ཁང་གི་ལས་ཀའི་གཙོ་གནད་དེ། སྲང་ཐ་གྲོང་ཚོའི་སེ་འབྲུའི་སྤུས་ཚད་མཐོར་གཏོང་དང་། སྤུས་རྟགས་གསར་གཏོད། ཐུམ་སྒྲིལ་ཕྱིར་ཚོང་བཅས་ལ་འཇོག་རྒྱུ་ཡིན། ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།

 རྩོམ་སྒྲིག་པ་བསོད་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com