སུར་པན་ཆུང་ཆུང་རྭ་ཅོ་འདྲ། འབབ་འཕར་གཏོད་པའི་མཆོག་ནོར་ཡིན།

发布时间:2024年03月29日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས“ཁྱད་ཆོས་གཅིག་དང་། ཁུལ་གཉིས། སྣ་ཁ་གསུམ”བཅས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ནས་སུར་པན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ལྟེ་བར་འཛིན་པ་དང་། མང་ཚོགས་ཀྱི་སུར་པན་འདེབས་འཛུགས་ལག་རྩལ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུར་འགན་ལེན། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཅས་བྱས་ཏེ་སུར་པན་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“སུར་པན་ཆུང་ཆུང”དེ་གྲོང་གསེབ་དར་རྒྱས་ཀྱི“ཐོན་ལས་ཆེན་པོ”ཞིག་ཏུ་འགྱུར་བ་བྱས་པ་རེད།

གོ་སྐབས་དམ་འཛིན་བྱས་ནས་འཆར་གཞི་རྩེ་གྲ་བཀོད་པ།

ཉེ་ཆར། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡུས་ཧུང་ཅུན་ཚུད་པའི་རྒྱལ་ཁབ་ཀྱི་སྔོ་ཚལ་ཐོན་ལས་ལག་རྩལ་མ་ལག་གི་རིགས་གཅིག་མཁས་ཅན་སྣང་རྫོང་དུང་དཀར་གྲོང་རྡལ་ནོར་གྲོང་ཚོར་ཡོང་ནས་སུར་པན་སྐྱེ་འཚར་ལ་ལྟ་ཞིབ་བྱེད་པར་ཡོང་། སུར་པན་ཚོད་འདེབས་ཞིང་ཁ་ནས་སུར་པན་གྱི་དྲི་ཞིམ་གང་སར་འཐུལ་བའི་ཁར་མུའུ་གཉིས་ལྷག་ཙམ་ཟིན་པའི་སྐྱེ་འཚར་ལེགས་པའི་སུར་པན་མཐོང་བ་ཙམ་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་ཞིག་ཡོད།

“དེ་ནི་སྣང་རྫོང་གི་ས་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་སུར་པན་གྱི་སྣ་ཁ་གཅིག་རེད”ཡུས་ཧུང་ཅུན་གྱིས། སྣང་རྫོང་དུ་སུར་པན་བཏབ་ནས་ལོ་100ལྷག་ཙམ་སོང་ཡོད། གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་འཚམ་པོ་ཡོད་པས། ས་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྭ་ཅོ་འདྲ་བའི་སུར་པན་ཆུང་ཆུང་དེ་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཞིང་འབྲོག་མང་ཚོགས་དང་། གྲོང་ཚོ་མཉམ་སྡེབ། མཉམ་ལས་ཁང་། ཀུང་སི་དང་ཁེ་ལས་བཅས་སྣང་རྫོང་གི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་ཧུར་ཐག་ཞུགས་པར་ལྕག་སྐུལ་དང་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། སྣང་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་སྣང་རྫོང་གི་སུར་པན་ཐོན་ལས་ལས་དོན་གྱི་ཆེད་དོན་ཚན་པ་བཙུགས་ནས《སྣང་རྫོང་གི་སུར་པན་ཐོན་ལས་ལས་དོན་གྱི་ཆེད་དོན་ཚན་པའི་ལག་བསྟར་ཇུས་གཞི》བཟོས་ཏེ་སུར་པན་ཆེད་ལས་ཀྱི་འགན་འཁྲིའི་གསལ་ཐོ་དང་། ལས་འགན་གསལ་ཐོ། སྲིད་ཇུས་གསལ་ཐོ་བཅས་ཞིབ་ཕྲ་བཟོས་ནས་དུས་བཀག་ལྟར་ཆེད་དོན་ཚན་པའི་ཁོངས་མི་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འཆར་འགོད་སློབ་སྦྱོང་དང་། ཐབས་ལམ་མང་པོར་བརྟེན་ནས་སུར་པན་འདེབས་འཛུགས་ཀྱི་དཔྱད་ཡིག་འཚོལ་བསྡུ། ཕྱིར་བསྐྱོད་དེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཧུར་ཐག ཀུའེ་ཀྲོའུ་ཞིང་ཆེན་གྱི་སུར་པན་ཐོན་ལས་ཀྱི་སྔོན་ཐོན་འཕེལ་རྒྱས་བསམ་ཕྱོགས་དང་བྱེད་སྟངས་སློབ་སྦྱོང་བཅས་བྱས་ནས་སྣང་རྫོང་གི་སུར་པན་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གནད་འཁེལ་བྱས།

“ཆུང་ཐོར་ཟིང་གསུམ”དང་བྲལ་ནས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྐྱོད་པ།

སྣང་རྫོང་སྣང་གྲོང་རྡལ་སྡོད་པ་ཐང་གྲོང་ཚོའི་གྲོང་མི་སྒྲོལ་མས་གསར་འགོད་པར“དེ་སྔོན་གྲོང་མི་ཚོས་སུར་པན་འདེབས་ཀྱི་ཡོད་མོད། འོན་ཀྱང་གཞི་ཁྱོན་ཆུང་ལ་གཅིག་གྱུར་གྱི་ལག་རྩལ་མཛུབ་ཁྲིད་བྱེད་མཁན་མེད་པས་ཐོན་འབབ་མཐོ་པོ་མེད། ད་ཆ་ཏང་ཀྲི་པུས་མཉམ་ལས་ཁང་བཙུགས་ཏེ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་བ་དང་། ལག་རྩལ་རིགས་གཅིག་མཁས་ཅན་གདན་དྲངས་པ། གཅིག་གྱུར་མཛུབ་ཁྲིད་བཅས་བྱས་པ་བརྒྱུད། ང་ཚོས་སུར་པན་འདེབས་པར་དེ་བས་འགན་ལེན་ཐུབ་ཡོད”ཅེས་བཤད།

སྣང་རྫོང་གིས་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་གང་ལེགས་སྤྱད་དེ་མང་ཚོགས་ལ་ས་ཞིང་མུའུ་2600ནང་བཤུག་དང་ཚབ་གཉེར་ཞབས་འདེགས་ཞུ་བར་སྐུལ་ལྕག་དང་། གྲོང་ཚོ་མཉམ་སྡེབ་ཀྱིས་ས་ཞིང་གཉེར་སྐྱོང་གི་འགན་ཁུར་བས་སུར་པན་ཁ་ཐོར་འདེབས་འཛུགས་བྱེད་པ་ནས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཕྱོགས་སུ་བསྒྱུར་ཡོད། ལྗོངས་ཡོངས་ཀྱི་སྔོན་ལ་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་འགན་བཅོལ་ཚོད་ལྟ་བྱས་ནས་ཁྱབ་གདལ་བཏང་སྟེ། ནད་འབུའི་གནོད་འཚེའི་རྐྱེན་གྱིས་ཐོན་འབབ་ཆག་པ་དང་། རང་བྱུང་གནོད་འཚེ་ལས་ཐོན་འབབ་ཉུང་དུ་འགྲོ་བ། ཁྲོམ་རའི་རིན་གོང་འཕར་ཆག་ཆེ་བ། སུར་པན་བྲིན་ཁ་རྒྱུག་པོ་མེད་པ་ལས་ཐོན་འབབ་ཉུང་དུ་གཏོང་བ་སོགས་ལ་འགན་ལེན་ཞབས་འདེགས་ཞུས་པ་དང་། སྒོར་ཁྲི་2066.4ཡི་གནས་ཐང་ལ་འགན་ལེན་བྱས་ཏེ། མང་ཚོགས་ཀྱི་ཁྲོམ་རའི་རིན་གོང་འཕར་ཆག་དང་རང་བྱུང་གནོད་འཚེའི་ཉེན་ཁ་འགོག་ནུས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་ཀྱི་ཧུར་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་དང་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་མ་དངུལ་སོགས་སྤྱད་དེ་ཁྱོན་མ་དངུལ་སྒོར་ཁྲི་5000བཏང་བའི་སུར་པན་བཟོ་གྲྭ་ཅན་གྱི་མྱུག་གསོ་དང་འདེབས་འཛུགས་རྟེན་གཞི་སྔ་རྗེས་སུ་བཙུགས་པ་དང་མ་དངུལ་སྒོར་ཁྲི་1000བཏང་བའི་སྣང་གྲོང་རྡལ་གྱི་སུར་པན་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་རེ་ཞུ་བྱས་ཏེ་གཞི་ཁྱོན་ཅན་གྱི་སུར་པན་ཐོན་སྐྱེད་རྟེན་གཞི་བསྐྲུན་པར་རྨང་གཞི་བཏིང་ཡོད།

“འགག་སྒོ་གསུམ”ནན་པོ་བསྲུངས་ནས་ཚད་ལྡན་ཅན་སྲུང་སྐྱོང་བྱས་པ།

ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས་སུར་པན་གྱི་སྣ་ཁ་བཟང་སྒྲུག་བསྐྱར་གསོའི་ཞིབ་འཇུག་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་རྩལ་ནུས་ཀྱི་ཆུ་ཚད་མཐོར་གཏོང་། སུར་པན་གྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆེད་ལས་ཞིབ་དཔྱད་སོགས་ལ་དམིགས་ཏེ། སུར་པན་ཐོན་ལས་ཚད་གཞི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། “སོན་བཟང་འདུ་འགོད”ལ་སྐུལ་སྤེལ་ཤུགས་ཆེན་བཏང་བའི་ཐོག ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་མཁོ་འདོན་བྱས་པའི་ལྗང་གསོའི་ལག་རྩལ་ལ་བརྟེན་ཏེ། མུའུ་3གྱི་སར་སུར་པན་གྱི་སོན་བཟང་སྒྲུག་བསྐྱར་གསོ་དང་མུའུ་2ཀྱི་སར་རྒྱུད་འདྲེས་སོན་བཟང་ལྗང་པ་བཏབ་པ་མ་ཟད། སྤ་ཅི་ཐང་དུ་གཅིག་སྡུད་ལྗང་གསོ་དང་མང་ཚོགས་རང་ངོས་ཀྱིས་ལྗང་གསོ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་ལྗང་གསོའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

མིག་སྔར་སྣང་རྫོང་ལ་སུར་པན་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་2དང་། སུར་པན་ཐོན་ལས་མཉམ་ལས་ཁང་3 སུར་པན་ཚད་གཞི་ཅན་གྱི་འདེབས་འཛུགས་རྟེན་གཞི་1བཅས་ཡོད་པ་རེད། 2023ལོར་སྣང་རྫོང་གི་སུར་པན་འདེབས་ཁྱོན་མུའུ་3100ཟིན་ནས་ལོར་ཐོན་འབབ་ཏུན་3875ཟིན་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི་1550དང་ཁེ་སྤོགས་སྒོར་ཁྲི་1085བྱུང་ནས་དུད་ཚང་1856གི་མི་གྲངས་5556ལ་སྣེ་ཁྲིད་ཐུབ་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5845.9བྱུང་ཡོད། 

རྩོམ་སྒྲིག་པ། བསོད་སྒྲོན། 

微信

抖音

邮箱

邮箱地址:xzwxbjb@sina.com