ལྷ་རྩེ་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་དྲོ་སྐྱིད་སྦྱིན་པ།

发布时间:2024年02月23日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཟླ་2ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་11ལྷག་ཙམ་ལ། ལྷ་རྩེ་རྫོང་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་རྒན་རྒོན་ཚོ་སྒོ་རའི་ནང་ཉི་མ་སྲོ་བཞིན་སྣང་བ་སྐྱིད་པོའི་ངང་ཁ་བརྡ་གློད་བཞིན་མཆིས།

ལོ་75ལ་སླེབས་པའི་བགྲེས་སོང་ཆུང་ལགས་ཀྱི་གཙང་སྦྲ་དོད་ལ་དྲོ་སོབ་སོབ་ཀྱི་ཁང་པའི་ནང་འཛུལ་སྐབས་མིག་ཤེལ་གྱི་ཤེལ་ངོས་རླངས་པས་བཀབ་སོང་། “འདི་ལོ་དྲོད་རླངས་ཤར་གཏོང་ཐུབ་ནས་དྲོ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་རྒྱུ་བྱུང་བས། ལུས་སེམས་གཉིས་ཀ་སྐྱིད་པོ་བྱུང”ཞེས་བགྲེས་སོང་ཆུང་ལགས་ཀྱིས་བཤད། ཁོང་གིས“དེ་དག་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་རེད། ང་ཚོ་མི་ཧྲེང་རྒན་རྒོན་ཚོ་དྲོ་སྐྱིད་ལྡན་པའི་བོད་ཀྱི་ལོ་གསར་ཞིག་གཏོང་རྒྱུ་བྱུང”ཞེས་གྱང་ངོས་སུ་བསྒར་བའི་དྲོད་རླངས་ཀྱི་ལྕགས་ལེབ་ལ་ལག་པ་རེག་བཞིན་དུ་བཤད།

ཆུང་ལགས་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སླེབས་ནས་ལོ་བཅུ་ལྷག་ཙམ་སོང་ཡོད། འདི་གར་འཚོ་བའི་སྒྲིག་ཆས་ཆ་ཚང་བ་མ་ཟད། ད་དུང་ཁོང་གི་བུ་མོར་ཡང་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད། “ངའི་བུ་མོར་དབྱངས་སྒྲོན་ཟེར་གྱི་ཡོད། ཁོང་གིས་རང་ཉིད་ཀྱི་ཕ་མ་ལྟར་ངའི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད”གནས་ཚུལ་དེའི་སྐོར་གླེང་སྐབས་བགྲེས་སོང་ཆུང་ལགས་ལ་སྐད་ཆ་མང་པོ་ཤོད་རྒྱུ་ཡོད།

དབྱངས་སྒྲོན་ནི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་བདག་སྐྱོང་པ་ཡིན་པ་དང་། འདིར་ལས་ཀ་བྱས་ནས་ལོ་7ཙམ་འགྲོ་གི་ཡོད། “ཐོག་མར་ང་དང་ཨ་མ་ཆུང་ལགས་ཁོང་ཚོ་དང་འགྲིག་པོ་དེ་ཙམ་མེད། ཉིན་ལྟར་རང་ཉིད་ཀྱི་ལས་ཀ་དེ་བྱས་ནས་སྡོད་པ་ལས་ཁོང་ཚོ་དང་ཁ་བརྡ་གློད་ནས་སྡོད་ཀྱི་མེད”ཅེས་བཤད། ཐེངས་ཤིག་ཆུང་ལགས་ལ་ལྟ་སྐྱོང་བྱེད་སྐབས་དབྱངས་སྒྲོན་གྱིས་གློ་བུར་དུ་བགྲེས་སོང་གིས“འདིར་ཡོང་ཡང་སྐད་ཆ་ཤོད་རོགས་བྱེད་མཁན་མེད་ན། རང་ཉིད་གཅིག་པུ་ཁྱིམ་དུ་བསྡད་པ་དང་གཅིག་པ་རེད་འདུག”ཅེས་ཤུབ་ཤུབ་ཏུ་སྨྲ་བ་ཐོས། སྐད་ཆ་དེ་གོ་དུས་དབྱངས་སྒྲོན་གྱི་སེམས་ལ་གནོང་འགྱོད་ཆེན་པོ་བྱུང་།

དུས་དེ་ནས་བཟུང་། དབྱངས་སྒྲོན་གྱིས་ཉིན་ལྟར་བགྲེས་སོང་གི་འཚོ་བར་ལྟ་རྟོག་བྱེད་པ་མ་ཟད། རྒན་རྒོན་དང་སྐད་ཆ་ཤོད་རེས་ཀྱང་བྱེད་མང་དུ་བཏང་ཡོད། “ད་ཆ་ང་དང་ཨ་མ་ཆུང་ལགས་ཉིན་ལྟར་ཁ་བརྡ་མང་པོ་གློད་ཀྱི་ཡོད། འདི་གའི་བདག་སྐྱོང་པས་ཉིན་ལྟར་སྤོ་བོ་ལགས་དང་རྨོ་བོ་ལགས་ཚོ་དང་མཉམ་དུ་སྐད་ཆ་རྫོགས་རྒྱུ་མེད་པ་ཤོད་ཀྱི་ཡོད”ཅེས་དབྱངས་སྒྲོན་གྱིས་བཤད། ཁོང་གིས་བགྲེས་སོང་དང་གཤིབ་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་གཤིས་ཀ་ཡང་ཡག་ཏུ་ཕྱིན་སོང་ཞེས་བཤད།

“ལྷ་རྩེ་རྫོང་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་1989ལོར་བཙུགས་པ་དང་། མིག་སྔར་ཁྱོན་བགྲེས་སོང་46སྤོས་ཡོད”ཅེས་བཤད། གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣ་ཆོས་བཟང་གིས“ང་ཚོར་ད་དུང་སྨན་བཅོས་ཁང་དང་། ཤེལ་ཁང་། རོལ་རྩེད་ཁང་། ལུས་སྦྱོང་ཁང་སོགས་སྒྲིག་སྦྱོར་བྱས་ཡོད་པས། བགྲེས་སོང་ཚོའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་བཤད།

གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ལོ་ན་ཆེ་ཤོས་ཀྱི་བགྲེས་སོང་ཕུན་ལགས་འདི་ལོ་ལོ་90ལ་སླེབས་ཀྱི་ཡོད། “ང་འདི་གར་སླེབས་ནས་ལོ་བཅུ་གྲངས་ཕྱིན་སོང་། ཟ་རྒྱུ་དང་གྱོན་རྒྱུ་ཡག་པོ་ཡོད་པ་མ་ཟད། གཟའ་འཁོར་རེར་སྨན་དོན་པ་ཡོང་ནས་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད། ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཕུན་ལགས་ཀྱིས་བཤད།

རྩོམ་སྒྲིག་པ། ཟླ་སྒྲོན། 

微信

抖音

邮箱

邮箱地址:xzwxbjb@sina.com