དྲ་སྦྲེལ་རིམ་བཞིན་ཁྱབ་གདལ་དུ་འགྲོ་བ་དང་བསྟུན། བོད་དུ་འཚོ་གནས་བྱེད་མཁན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོའི་འཚོ་བའང་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ལས་རིགས་ཁག་གིས་ཀྱང་དྲ་སྦྲེལ་དང་འབྲེལ་ལམ་འཛུགས་འགོ་བརྩམས་ནས་ཞབས་ཞུ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སྒྱུར་རིམ་འཕར་བྱུང་ཡོད། ལྷག་པར་དུ་སྒུལ་བདེའི་དྲ་སྦྲེལ་སྔར་བས་ཁྱབ་གདལ་དུ་འགྲོ་བ་དང་བསྟུན་བོད་ཀྱི“ཉོ་སྒྲུབ་ལ་དགའ་བའི་མི”བོར་ཡང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། དྲ་སྦྲེལ་ནི་མི་རྣམས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཏུ་འགྱུར།
དྲ་སྦྲེལ་གྱིས་འཛད་སྤྱོད་བྱེད་སྟངས་ལ་འགྱུར་བ་བཏང་བ། དྲ་ཐོག་ཉོ་སྒྲུབ་ནི་འཛད་སྤྱོད་བྱེད་སྟངས་གསར་པ་ཞིག་གི་ངོས་ནས་སྲོལ་རྒྱུན་གྱི་དངོས་གཟུགས་ཚོང་ཁང་གི་ཚོང་གཉེར་བྱེད་སྟངས་མེད་པ་བཟོས་ནས་མི་རྣམས་ཕྱིར་བསྐྱོད་མི་དགོས་པར་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ཚོང་ཟོག་ཉོ་ཐུབ་ཀྱི་ཡོད་སྟབས“ལེ་ལོ་ཅན”མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད། བོད་དུ་དྲ་སྦྲེལ་གྱི་ཁྱབ་གདལ་གཞི་ཁྱོན་ཇེ་ཆེར་འགྲོ་བ་བསྟུན་དྲ་ཐོག་ཉོ་སྒྲུབ་ཀྱང་མི་རྣམས་ཀྱི་འཛད་སྤྱོད་བྱེད་སྟངས་གཙོ་བོ་ཞིག་ཏུ་གྱུར་ཡོད། འདི་ལོའི“བཅུ་གཅིག་པའི་ཚེས་བཅུ་གཅིག”ཉིན་ལ་ཐེན་མོའོ་ཁོ་ན་ནས་བོད་ཀྱི“ཉོ་སྒྲུབ་ལ་དགའ་བའི་མི”ཚོས་སྒོར་དུང་ཕྱུར་1.3གྱི་དངོས་པོ་ཉོས་འདུག ཐེན་མོའོ་ནི་རྒྱལ་ནང་གི་ཚོང་ཟོག་ཉོ་སྒྲུབ་དྲ་བ་མང་པོའི་ཁྲོད་ཀྱི་གྲས་ཤིག་ཡིན་པས“བཅུ་གཅིག་པའི་ཚེས་བཅུ་གཅིག”ཉིན་བོད་ཀྱི“ཉོ་སྒྲུབ་ལ་དགའ་བའི་མི”རྣམས་ཀྱིས་རང་རྒྱལ་གྱི་དྲ་ཐོག་ཉོ་སྒྲུབ་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་ང་ཚོས་ཚོད་འགམ་བྱེད་ཐུབ། “བཅུ་གཅིག་པའི་ཚེས་བཅུ་གཅིག”ཉིན་ཕུད་དུས་རྒྱུན་འཚོ་བའི་ནང་དྲ་ཐོག་ཉོ་སྒྲུབ་ནི་དེང་སྐབས་བོད་རིགས་མང་ཚོགས་ཚོའི་འཛད་སྤྱོད་བྱེད་སྟངས་གཙོ་བོ་ཞིག་ཡིན། མཉམ་སྦྲེལ་དྲ་རྒྱས“ལེ་ལོ་ཅན”མང་པོ་ཞིག་ལ་སྟབས་བདེ་སྐྲུན་པ་དང་དུས་མཚུངས་མི་རྣམས་ཀྱི་འཛད་སྤྱོད་བྱེད་སྟངས་ཀྱང་རིམ་བཞིན་འགྱུར་བ་གཏོང་བཞིན་ཡོད།
དྲ་སྦྲེལ་གྱིས་ལས་གཏོད་བྱེད་སྟངས་ལ་འགྱུར་བ་བཏང་བ། གློག་རྡུལ་ཚོང་དོན་དང་སྐད་འཕྲིན་ཚོང་གཉེར་ནི་ཐ་སྙད་གསར་པ་ཞིག་མ་ཡིན་ཞིང་། དེ་བས་རིམ་བཞིན་དམངས་ཁྲོད་ཀྱི་ལས་གཏོད་བྱ་ཐབས་གཙོ་བོ་ཞིག་ཏུ་གྱུར་བཞིན་ཡོད། མ་འཇོག་མང་པོ་མི་དགོས་པར་གློག་ཀླད་གཅིག་དང་ལག་ཐོག་ཁ་པར་གཅིག་གིས་ལས་གཏོད་མངོན་འགྱུར་བྱེད་ཐུབ་པས་མི་མང་པོ་ཞིག་ལ་ལས་གཏོད་ཕྱུག་འགྱུར་གྱི་གོ་སྐབས་བསྐྲུན་ཡོད། ང་ཚོས་ཉིན་ལྟར་སྐད་འཕྲིན་གྱི་གྲོགས་པོའི་གླིང་ནས་ཟོག་ཉོའི་ཆ་འཕྲིན་མང་པོ་བསྡུ་ལེན་བྱེད་ཐུབ་ལ་གློག་ཀླད་ཐོག་ནས་ཀྱང་ཟོག་ཉོའི་ཆ་འཕྲིན་འབོར་ཆེན་མཐོང་ཐུབ་ཅིང་། དེ་དག་ནི་ལས་གཏོད་བྱེད་སྟངས་འགྱུར་བའི་དཔང་པོ་ཞིག་རེད། མིག་སྔར། བོད་ཀྱི་གློག་རྡུལ་དཔུང་ཁག་ཀྱང་ཟམ་མི་ཆད་པར་གོང་འཕེལ་སྟོབས་ཆེར་འགྲོ་བཞིན་ཡོད་དེ། ན་ནིང་། ཟླ་གཉིས་དང་ཟླ་ཕྱེད་ཀྱི་དུས་ཡུན་ནང་བོད་ཀྱི་གློག་རྡུལ་ཚོང་དོན་གྱིས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1135གཏོད་དེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་གང་ལེགས་བྱས་ཡོད། དུས་མཚུངས་བོད་ཀྱི་དམངས་ཁྲོད་ལས་གཏོད་ལ་སྐུལ་མ་བཏང་ནས་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཞིག་སྣོན་ཡོད། ལས་གཏོད་ཀྱི་མ་གནས་དམའ་རུ་ཕྱིན་པས་མི་རྣམས་ཀྱི་ལས་གཏོད་ཀྱི་རེ་འདོད་ཆེ་རུ་བཏང་བ་དང་གློག་རྡུལ་ལས་རིགས་ཀྱི་ཡོང་འབབ་ཆེ་བས་བོད་ཀྱི་མང་ཚོགས་ཚོའི་ལས་གཏོད་ལ་སྐུལ་མ་བཏང་ཡོད། དྲ་སྦྲེལ་གྱིས་བོད་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་པ་དང་དུས་མཚུངས་མི་མང་པོ་ཞིག་ལ་ལས་གཏོད་ཀྱི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད་ལ་བོད་ཀྱི་མང་ཚོགས་ཀྱི་ལས་གཏོད་བྱ་ཐབས་ལའང་འགྱུར་ལྡོག་བཏང་ཡོད།
དྲ་སྦྲེལ་གྱིས་འཕེལ་རྒྱས་གཏོང་ཐབས་ལ་འགྱུར་བ་བཏང་བ། ད་ཆ་བོད་ཀྱིས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡོང་ཆེད་ཆ་འཕྲིན་གྱི་སྟེགས་བུ་མང་པོ་གཏོད་དེ་ཆ་འཕྲིན་སྤེལ་རེས་དང་ཐོན་ཁུངས་བརྗེ་བསྒྱུར་ལ་སྟབས་བདེ་བསྐྲུན་ཡོད་དེ། དཔེར་ན། “དྲ་སྦྲེལ+ཞིང་ལས”ལ་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཞིང་གྲོང་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་གཏོད་ནས་ཞིང་འབྲོག་མི་རེ་ངོ་རེའི་ཐོན་སྐྱེད་ཆ་འཕྲིན་ཤེས་རྟོགས་དང་ཐོན་རྫས་བྲིན་ཚོང་ལ་སྟབས་བདེ་བསྐྲུན་ཡོད། ཡང“དྲ་སྦྲེལ+ཚོང་ལས”ལ་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཁེ་ལས་འབྲིང་ཆུང་ཆ་འཕྲིན་ཅན་གྱི་ཞབས་ཞུའི་སྟེགས་བུ་དང་བོད་རང་སྐྱོང་ལྗོངས་ཁེ་ལས་འབྲིང་ཆུང་མ་དངུལ་བསྡུ་སྒྲིལ་གྱི་ཆ་འཕྲིན་སྟེགས་བུ་སོགས་གཏོད་ནས་ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་ཀྱི་ཆ་འཕྲིན་བློ་དྲི་ཤེས་རྟོགས་ཐུབ་པ་དང་། དུས་མཚུངས་ཁེ་ལས་མང་པོ་ཞིག་གིས་དྲག་གྲས་མཉམ་འབྲེལ་གྱི་བྱ་ཐབས་བརྒྱུད་ནས་གོང་འཕེལ་སྟོབས་ཆེར་བཏང་སྟེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་མང་པོ་དེ་དག་ཡོད་སྟབས་བོད་ཀྱི་འཕེལ་རྒྱས་ཀྱང་མགྱོགས་མྱུར་གྱི་དུས་རབས་གསར་པ་ཞིག་ལ་སླེབས་ནས་བོད་ཀྱི་འཕེལ་རྒྱས་གཏོང་ཐབས་ཀྱང་མགྱོགས་མྱུར་གྱི་དུས་རབས་སུ་སླེབས་པ་དང་སྦྲགས་འགྱུར་ལྡོག་འགྲོ་རྒྱུ་རེད།
དྲ་སྦྲེལ་ནི་དུས་རབས་འདིའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་ལྡན་པའི་ཁྱབ་ཁོངས་ཞིག་གི་ངོས་ནས་ས་ཆ་འདིར་འཚོ་གནས་བྱེད་མཁན་གྱི་མང་ཚོགས་ཚོའི་འཚོ་བ་བསྐྱལ་སྟངས་ལ་སྣང་བ་མེད་པའི་ཐོག་ནས་འགྱུར་ལྡོག་གཏོང་བ་དང་དུས་མཚུངས་ས་ཁུལ་འདིའི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་ཐབས་ཀྱང་རིམ་བཞིན་འགྱུར་ལྡོག་གཏོང་བཞིན་ཡོད་ལ་དེ་ལྟ་བུའི་འགྱུར་ལྡོག་ད་དུང་མུ་མཐུད་ནས་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། ཟླ་བ་སྒྲོལ་མ།
中央部门网站
自治区部门网站
地(市)委部门网站
相关新闻网站