ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་འཛུགས་སྐྱོང་ཁྱད་ཆོས་སྐོར་ལ་གསར་དུ་སྙིང་བསྡུས་བྱས་པ་རེད། སྤྱི་བསྒྲགས་ཧྲིལ་པོའི་ནང“མཐོ་རིམ་ལས་བྱེད་པ”ཐེངས་10བཏོན་པ་མ་ཟད། “ཏང་དོ་དམ་དང་ཏང་སྐྱོང་བའི་བྱ་ཐབས་ནི་ཏང་ཀྲུང་དབྱང་གི་ལག་ལེན་དངོས་དང་སྣེ་ཁྲིད་མིག་སྟོན་ཡིན་པ”བཏོན་པ་རེད། “འགག་རྩའི་ཉུང་ཤས”ཡག་པོ་བྱེད་དགོས་ན་ངེས་པར་དུ་རང་ཉིད་ཀྱིས་འབད་པས་ལག་ལེན་དུ་བསྟར་དགོས།
མཐོ་རིམ་ལས་བྱེད་པས་ང་ཚོའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་ངེས་པར་དུ་སྔོན་ལ་རང་དཔེ་གཞན་སྟོན་དང་། དཔེ་སྟོན་གྱི་སྒོ་ནས་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་བརྩི་སྲུང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བཅས་བྱེད་པའི“འགག་རྩའི་ཉུང་ཤས”ཤིག་བྱེད་དགོས། རང་རེའི་ཏང་ནི་མང་ཚོགས་ཁྲོད་དུ་རྩ་བ་ཚུགས་པ་དང་། རྒྱ་ཆེའི་བཟོ་པ། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་སྲིད་འཛིན་ཏང་ཞིག་ཡིན་པ་མ་ཟད། ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཡང་ཡིན། དེར་རྟེན། “ལམ་སྣེ་འདྲེན་མཁན་དང་། བཀོད་འདོམས་པ། མིག་དཔེ་སྟོན་མཁན”བཅས་ཡིན་པའི“ཉུང་ཤས་འགག་རྩའི”མཐོ་རིམ་ལས་བྱེད་པ་ཞིག་གི་ངོས་ནས་ངེས་པར་དུ་དཔེ་སྟོན་སྣེ་ཁྲིད་དང་དཔུང་ཁག་གི་སྣེ་ཁྲིད་ཡག་པོ་བྱེད་དགོས།
“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་ནུས་པ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། སྔར་1942ལོའི་ཟླ་2པར། ཀྲུང་གོ་གུང་ཁྲན་ཏང་གིས་ཧྲན་ཀན་ཉིང་གསུམ་གྱི་མཐའ་ཁུལ་གྱི་ཡན་ཨན་གནས་གཞིའི་ས་ཁུལ་ལ“ཀུན་སྤྱོད་དག་ཐེར་གྱི་ལས་འགུལ”སྤེལ་ཅིང་། མའོ་ཙེ་ཏུང་སྐུ་ངོ་མས་ཙུའུ་ཀྲང་གི་འགན་བཞེས་པ་མ་ཟད། མཐོ་རིམ་ལས་བྱེད་པ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ། རིམ་བཞིན་གཅིག་སྡུད་བྱས་ནས་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་དུ་བཅུག་པ་རེད། 2005ལོར་སྤེལ་བའི་ཏང་གི་སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོའི་ཁྲོད། ཀྲུང་དབྱང་འགོ་ཁྲིད་ཀྱིས་ཐུན་མོང་ཐོག་དུས་ཡུན་ཟླ་གཅིག་ནང་དུས་སྐབས་གསར་པར་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་སློབ་གསོ་རྒྱུན་འཁྱོངས་བྱེད་ཅེས་པའི་བརྗོད་གཞི་དེར་སློབ་སྦྱོང་དང་ཞིབ་བསྡུར་ཐེངས་3གནང་བ་ལས། བདེན་འཚོལ་དངོས་གཉེར་དང་། ལག་ལེན་དངོས་སུ་བྱེད་པ། རང་གཅུན་ནན་པོ་བཅས་ཀྱི་མིག་སྟོན་འདོན་སྤེལ་གང་ལེགས་བྱས་པ་རེད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་བཅས་ནི་ཏང་ནང་ཁུལ་གྱི་སློབ་གསོ་དེ“འགག་རྩའི་ཉུང་ཤས”ནས་རྒྱ་ཆེའི་ཏང་ཡོན་རྣམས་ལ་རྒྱ་སྐྱེད་ཀྱི་སྐུལ་འདེད་གཏོང་ཚུལ་གལ་ཆེན་ཞིག་རེད།
རྒྱང་སྐྱོད་ཀྱི་ལམ་བར་དུ་ཀྲོའུ་ཨེན་ལའེ་ཡིས་རང་ཉིད་ཀྱི་འཁྱོག་ཁྲིའི་ཐོག་རྨས་སྐྱོན་ཕོག་པའི་འཐབ་འཛིང་པ་དཀྱུས་མ་སྡོད་དུ་བཅུག་པ་དང་། ཕེང་ཏེ་ཧོའོ་ཡིས་རང་གི་འབྲུ་རིགས་ལས་ཕྱེད་ཀ་བཏོན་སྟེ་དཔུང་ཚོགས་སློབ་སྟོན་རུ་ཁག་གི་རུ་དཔོན་ལ་བགོ་བཤའ་བརྒྱབ་པ་རེད། མདའ་ཤོག་ཡན་གྱི་ལས་བྱེད་པར་བཞོན་རྟ་བཀོད་སྒྲིག་བྱས་ཡོད་ཀྱང་མང་ཆེ་བ་རྨས་མ་དང་རྗེས་སུ་ལུས་པའི་འཐབ་འཛིང་པར་བཞོན་དུ་བཅུག་གི་ཡོད་པ་རེད། ཁོང་ཚོས་དམག་འཁྲུག་གི་དུས་སྐབས་སུ་ལག་ལེན་དངོས་ཀྱི་ཐོག་ནས“འགག་རྩའི་ཉུང་ཤས”ཡག་པོ་ཞིག་ཇི་ལྟར་བྱེད་མིན་གྱི་གལ་ཆེའི་རང་བཞིན་ལག་བསྟར་བྱས་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ལ་ངེས་པར་དུ་གོང་རིམ་ནས་དམ་འཛིན་བྱེད་དགོས་ཤིང་། རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པ་ཚང་མས་རང་ཉིད་ནས་འགོ་ཁྲིད་དེ་སྤྱོད་ཚུལ་བསྒྱུར་བཅོས་གཏོང་དགོས་ཞེས་ནན་བཤད་གནང་ཡོད། 2012ལོའི་ཟླ་12ཚེས་7ཉིན། ཧྲེན་ཀྲེན་གྲོང་མིའི་དཔོད་ཕྲན་ནང“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རླངས་འཁོར་རུ་ཁག་དང་སྟེས་དབང་གིས་འཕྲད་བྱུང་། སྐབས་དེ་དུས་སྦག་སྦག་བཞོན་པའི་སྐུ་སྲུང་བས་ཉེན་བརྡ་བཏང་མ་བྱུང་ལ་རླངས་འཁོར་གྱི་ཤེལ་ཡོལ་ཡང་ཕྱེ་འདུག ལྷག་པར་དུ་ལམ་བུ་ཡང་དམིགས་བསལ་བཀག་བསྡོམས་བྱས་མི་འདུག་པས་ཁྱེད་ལ་གུས་འདུད་ཞུ”ཞེས་བྲིས་འདུག དེ་དང་འདྲ་བར། ཙུང་ལི་ལི་ཁེ་ཆང་ཅང་ཤི་ཅིའུ་ཅང་དང་། ཧུའུ་པེ་ཨེན་ཧྲིར་བརྟག་ཞིབ་གནང་སྐབས། ཁོང་གི་རླངས་འཁོར་རུ་ཁག་ལམ་བཞི་མདོའི་གློག་སྒྲོན་དམར་པོ་དང་འཕྲད་སྐབས་མང་ཚོགས་དཀྱུས་མའི་རླངས་འཁོར་དང་འདྲ་བར་གློག་སྒྲོན་ལྗང་ཁུ་སྒུག་བསྡད་པ་དང་། ཡང་ཁ་བའི་ཁྲོད་ཞིང་ཁྱིམ་ལ་འཚམས་འདྲིར་ཕེབས་པའི་ལམ་བར་ལ་ཁོང་གིས་རླངས་འཁོར་རང་སྒུལ་ངང་ཁ་བཀག་སུ་བཅུག་ནས་ཁ་སྤྲོད་ཀྱི་རླངས་འཁོར་སྔོན་ལ་བསྐྱོད་དུ་བཅུག་པ.......
“སྣེ་ཁྲིད་བྱེད་ཚུལ་གཅིག་ལ་རང་དཔེ་གཞན་སྟོན་དང་། འབོད་སྐུལ་བྱེད་ཚུལ་གཅིག་ལ་དཔེ་སྟོན་ཟེར” “དཔོན་རང་ཉིད་ཀྱི་བྱ་སྤྱོད་དྲང་པོ་ཡིན་ཚེ་གཤམ་འོག་གི་དར་སྲོལ་ཡང་རང་ཤུགས་ཀྱིས་དྲང་པོ་བྱེད”ཅེས་པ་བཞིན“འགག་རྩའི་ཉུང་ཤས”ཡག་པོ་ཞིག་བྱེད་དགོས་ན་ངེས་པར་དུ་རང་ཉིད་ཀྱིས་འབད་པས་ལག་ལེན་དུ་བསྟར་དགོས།
རྩོམ་སྒྲིག་པ། ཟླ་བ་སྒྲོལ་མ།
中央部门网站
自治区部门网站
地(市)委部门网站
相关新闻网站