ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁུལ་ནས་ཐོན་ཏེ་རྒྱལ་ལམ་109བརྒྱུད་ཤར་ཕྱོགས་སུ་སྤྱི་ལེ་10ཙམ་བསྐྱོད་པ་དང་དེ་ནས་གཞུང་ལམ་ཨ་མ་བསྒྲལ་ཚེ། ནག་ཆུ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ན་ཆེན་ཐང་སྡེ་ཁུལ་དུ་འབྱོར་གྱི་ཡོད། 2019ལོར་གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་12ཀྱི་དུད་ཚང་455ཡི་མི་2003ན་ཆེན་ཐང་སྡེ་ཁུལ་དུ་གནས་སྤོས་ཡོད།
དེ་ནས་བཟུང་གནས་སྤོས་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་འགོ་ཚུགས། གྲོང་མི་ནོར་བཟང་གི་ཁྱིམ་དུ་སླེབས་སྐབས་ཧྲ་ཧྥ་དང་། བརྙན་འཕྲིན། འཁྱག་སྒམ་བཅས་ཁྱིམ་ཆས་གང་དགོས་ཅི་དགོས་སྒྲིག་གཤོམ་བྱས་འདུག ནོར་བཟང་གིས་སྲིད་ཇུས་བཟང་པོ་ལས་ང་ཚོ་ཁང་པ་ཆེན་པོ་འདི་འདྲར་སྡོད་པ་དང་འཚོ་བའང་ཡག་པོ་སྐྱེལ་བཞིན་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།
གནས་སྤོ་ནི་བྱེད་ཐབས་དང་། ལས་ཞུགས་ནི་རྨང་གཞི། ཕྱུག་འགྱུར་ནི་དམིགས་ཡུལ་རེད།
“ཡུལ་གཞན་དུ་གནས་སྤོས་དུད་ཚང་གི‘གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ’བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ང་ཚོས་རྣམ་གྲངས་ཀྱི་མ་དངུལ་རེ་འདུན་ཞུས་ནས‘ནག་ཆུ་གྲོང་ཁྱེར་གྱི་འབྲོག་སྤེལ་དབུལ་སྐྱོར་ཐོན་ལས་རྣམ་གྲངས’དང‘ཀྲུང་དབྱང་གི་རོགས་སྐྱོར་རྣམ་གྲངས་ཀྱི་སྤྲོ་གསེང་གྲོང་ཚོ’སྟེ་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་2ལག་བསྟར་བྱས་པ་ཡིན།
དེས་མ་ཚད་ང་ཚོའི་སྡེ་ཁུལ་གྱི་སྤྲོ་གསེང་གྲོང་ཚོས་ད་དུང་ལས་ཞུགས་ཀྱི་དགོས་མཁོ་མཐིལ་རྟོགས་ལས་དོན་ལ་སྣེ་ཁྲིད་སྐུལ་འདེད་བཏང་ཞིང་། མིག་སྔར་གནས་སྤོས་དུད་ཚང་455ཡི་ལས་ཞུགས་ཀྱི་དགོས་མཁོ་བསྡོམས་རྩིས་དང་མཐིལ་རྟོགས་བྱས་ནས་མི་50ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད”ཅེས་ན་ཆེན་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཆོས་མཚོས་ངོ་སྤྲོད་བྱས།
2019ལོར་གསེར་རྙེད་ཆུས་ཤོ་མོང་ཤང་ནས་ན་ཆེན་ཐང་སྡེ་ཁུལ་དུ་སྤོས་པའི་དགྲ་ལྷར་གནས་སྤོས་རྗེས་ཀྱི་འཚོ་བ་ཧ་ཅང་སྐྱིད་པའི་མྱོང་ཚོར་ཟབ་མོ་བྱུང་ཞིང་། དེ་སྔ་དགྲ་ལྷས་ཕྱུགས་འཚོ་ཞོར་ཕྲུ་གུར་ལྟ་རྟོག་བྱེད་པ་དང་། ཁྱིམ་ཚང་གི་ཡོང་འབབ་གཙོ་བོ་སྲིད་གཞུང་གི་འབྲེལ་ཡོད་ཁ་གསབ་དང་བཟའ་ཟླ་ཕྱིར་གླ་པར་བསྐྱོད་པའི་གླ་ཆ་ཕྲན་ཙམ་ལ་བརྟེན་དགོས་པས་འཚོ་བ་སྐྱོ་པོ་ཡོད། དེ་གར་སྤོས་རྗེས་སྲིད་གཞུང་གི་འབྲེལ་ཡོད་ཁ་གསབ་ཡོད་པ་མ་ཟད། ད་དུང་རང་ཉིད་ཀྱིས་བཏགས་པའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འཚོང་བ་དང་སྤྲོ་གསེང་གྲོང་ཚོར་གླ་པ་རྒྱུག་པར་འགྲོ་གི་ཡོད་པས་ལོའི་ཡོང་འབབ་དེ་སྔའི་སྒོར་ཁྲི་1ཙམ་ནས་ད་ཆའི་སྒོར་ཁྲི་3ཙམ་བར་མང་དུ་ཕྱིན་ཡོད། “ད་ཆ་སྡེ་ཁུལ་དུ་གཞིས་ཆགས་པས་གང་ཅིའི་ཐད་སྟབས་བདེ་བ་མ་ཟད་ཡོང་འབབ་ཀྱང་བལྟོས་བཅས་ཀྱིས་བརྟན་དུ་ཕྱིན་སོང་། ལོ་རེའི་ཡོང་འབབ་ཀྱིས་ཁྱིམ་ཚང་གི་འགྲོ་སོང་འདང་ངེས་འདུག སླད་ཕྱིན་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་དགྲ་ལྷས་དགའ་བ་དཔག་མེད་དུ་དེ་ལྟར་བཤད།
གྲོང་གསེབ་ནས་གྲོང་ཁྱེར་དང་གྲོང་རྡལ་བར་དང་ས་ཕག་གི་ཁང་པ་ནས་ཡངས་ཤིང་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་བར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱིས་མང་ཚོགས་ཀྱི་འཚོ་བར་སྒུལ་ཤུགས་དང་གསོན་ཤུགས་སྦྱིན་ནས་གནས་སྤོས་མང་ཚོགས་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་ཡོད། ཁོང་ཚོར་གནས་འཕྲོད་ལས་འཚམ་བྱུང་བ་དང་བསྟུན་ནས་དུས་རབས་ཡར་རྒྱས་འགྲོ་བའི་མྱོང་ཚོར་ཟབ་མོ་བྱུང་དང་འབྱུང་མུས་རེད།
རྩོམ་སྒྲིག་པ། བསོད་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站