ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཞབས་ཞུ་ལེགས་སུ་གཏོང་བ་དང་། དཀའ་ངལ་སེལ་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“མགྱོགས་ལམ”བཏོད་ཡོད།
ཞབས་ཞུ་ལེཊ་སུ་བཏང་ནས་གཉེར་སྐྱོང་བྱེད་པོའི་ལས་སྒྲུབ་མ་གནས་དམའ་རུ་བཏང་བ།
དེ་སྔ་ཞིབ་མཆན་གྱི་བརྒྱུད་རིམ་མང་བ་དང་དུས་འཁོར་རིང་བ་ནི་རྣམ་གྲངས་དོན་འཁྱོལ་བྱེད་དཀའ་བ་དང་ཁེ་ལས་བཅའ་སྡོད་བྱེད་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། ད་ཕན་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས། སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་སུ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཞབས་འདེགས་ཞུ་ཐབས་རྒྱུན་ཆད་མེད་པར་གསར་གཏོད། “སྐར་ཁུང་གཅིག་འཐུས”འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོག་མའི་འདྲི་རྩད་ཀྱི་འགན་འཁྲིའི་ལམ་ལུགས་དང་། ཐེངས་གཅིག་རང་བཞིན་གྱི་གསལ་བརྡའི་ལམ་ལུགས། དུས་བཀག་ལས་སྒྲུབ་ལམ་ལུགས་བཅས་ཁྱབ་གདལ་བཏང་སྟེ་ཁེ་ལས་ཀྱི་ལས་སྒོ་གཉེར་བའི་དུས་ཚོད་ཐུང་དུ་ཕྱིན་པས། ཁེ་ལས་ཀྱི་ཐོ་འགོད་ཞིབ་མཆན་གྱི་དུས་ཚད་དེ་ལས་ཀའི་ཉིན་གྲངས་3ནས་ཉིན་གཅིག་དང་ཉིན་ཕྱེད་བར་ཐུང་དུ་ཕྱིན་པ་དང་། ལས་གཉེར་ལག་ཁྱེར་དང་། ཐམ་གའི་ལམ་ལུགས། དངུལ་ཁང་གི་ཐོ་ཁོངས་འཛུགས་པ་བཅས་ཀྱི་བརྒྱུད་རིམ་ལས་ཀའི་ཉིན་གྲངས་5བར་ཐུང་དུ་ཕྱིན་པས། ཁེར་རྐྱང་བཟོ་ཚོང་དུད་ཚང་རང་སར་ལས་སྒྲུབ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་ཀྱིས“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་དང་ཁེ་ལས་ཀྱི་སྟབས་བདེའི་ཐོ་བསུབ་སྒྱུར་བཅོས་སོགས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། “ཆད་རུང་བདག་སྤྲོད”ལམ་སྲོལ་ཁྱབ་གདལ་ཧུར་ཐག་གཏོང་བ། ཁེ་ལས་ཀྱི་ལས་གཉེར་དང་ཐོ་བསུབ་དུས་ཚོད་ཀྱི་མ་གནས་དམའ་རུ་གཏོང་བ། ལས་སྒོ་སྒྲུབ་གཉེར་གྱི་དཀའ་རྙོག་སྟབས་བདེར་བསྒྱུར་བ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
དཀའ་ངལ་བསལ་ནས་གཉེར་སྐྱོང་བྱེད་པོའི་ལས་གཉེར་མ་གནས་དམའ་རུ་བཏང་བ།
ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་བདུན་པ་ཚད་ཡོད་ཀུང་སིའི་གློག་གནོན་སྒྱུར་ཆས་གཉིས་2022ལོའི་ཟླ་དང་པོར་འཁོར་སྐྱོད་བྱས་པ་དང་། དུས་འགོའི་གློག་སྤྱོད་འཆར་འགོད་དུས་མཚམས་སུ་ཁེ་ལས་ཀྱི་འབྱུང་འགྱུར་གློག་སྤྱོད་གཞི་ཁྱོན་ལ་ཚན་རིག་དང་མཐུན་པའི་སྤྱི་འདོམས་མ་བྱས་པའི་དབང་གིས་གློག་འཕྲོ་བརླག་ཕྱིན་ནས་ཟླ་རེར་གཞི་རྩའི་གློག་རིན་སྒོར་ཁྲི་30ལྷག་ཙམ་ཟིན་ཏེ་ཁེ་ལས་ཀྱི་ཁུར་པོ་རྒྱུན་ཆད་མེད་པར་ལྕི་རུ་ཕྱིན་ཡོད། དེར་བརྟེན་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ནུས་འབྲས་བཅར་འདྲི་བས་ཀུང་སི་དེའི་གློག་གི་སྒྲིག་ཆས་དང་གློག་སྤྱོད་གཞི་ཁྱོན་ལ་ཞིབ་བཤེར་དང་ཚོད་སྐོར་ཞིབ་ཕྲ་བྱས་ནས། སྦྲེལ་མཐུད་བྱེད་སྟངས་ལེགས་སུ་བཏང་སྟེ་གློག་གནོན་སྒྱུར་ཆས་གཅིག་འཁོར་སྐྱོད་བྱེད་མཚམས་འཇོག་པའི་གྲོས་འགོ་བཏོན་པ་ལས་ཀུང་སི་དེར་ཟླ་རེར་གློག་སྤྱོད་མ་གནས་སྒོར་ཁྲི་20དམའ་རུ་གཏོང་ཐུབ་པ་རེད།
“གློག་འདོན་ཀུང་སིས་རིན་མེད་ངང་ང་ཚོར་ནུས་འབྲས་བཅར་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ནས་ཆེད་ལས་ཀྱི་ནུས་རྒྱུ་གྲོན་ཆུང་གི་གྲོས་འགོ་དང་སྤྱོད་གོ་ཆོད་པའི་ཇུས་གཞི་བཏོན་པ་དེས་ང་ཚོར་མ་གནས་དམའ་རུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང”ཞེས་ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་བདུན་པའི་ཚད་ཡོད་ཀུང་སིའི་གློག་ཆས་ཀྱི་འགན་འཁུར་བས་སེམས་འགུལ་ཐེབས་བཞིན་བཤད།
ནུས་འབྲས་བཅར་འདྲི་བྱས་པ་ནས་བཟུང་། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་རྒྱལ་ཁབ་ཀྱི“ཤོང་ཚད་ཉུང་གཏོང་གི་དུས་བཀག་ཚོད་འཛིན་ལྷུག་ཏུ་གཏོང་བའི”འབྲེལ་ཡོད་གཏན་འབེབས་ལྟར་ཆེད་ལས་ཚོགས་པ་བཙུགས་ནས་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་དང་བྱ་གཞག་ཚན་པ་57ལ་བསྐྱོད་དེ་ས་གནས་ས་ཐོག་གི་ནུས་འབྲས་ལ་ཞིབ་བཤེར་བྱས་པ་དང་། “ཤར་གཏོང་བགྲོད་ལམ”བཏོད་པ། ཁེ་ལས་དང་སྤྱོད་མཁན་11ལ་གཞོགས་འདེགས་བྱས་ནས་ཤོང་ཚད་ཉུང་གཏོང་གི་ལས་སྒོ་ལེགས་སྒྲུབ་བྱས་པ་རེད།
གློག་ཤུགས་སྡེ་ཚན་ཕུད། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་གཞན་དག་གིས་ཀྱང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་རྡབ་རྡེག་ཕོག་པའི་ལས་རིགས་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་དཀའ་ངལ་སེལ་བའི་རོགས་སྐྱོར་སྲིད་ཇུས་སྦབ་ཆ་གཅིག་ལག་བསྟར་བྱས་པ་རེད།
ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ།
ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲོམ་རའི་དཔལ་འབྱོར་རྒྱུན་མཐུད་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་པོ་ཁུར་ཡོད། ན་ནིང་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དོ་དམ་ནན་པོ་དང་། ཞིབ་བཤེར་ཐག་གཅོད་ནན་པོ། ཁྲིམས་སྒྱུར་ནན་པོ་བཅས་མཐའ་འཁྱོངས་བྱས་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞིར“རྡུང་རྡེག་ཚ་ནན་གཏོང་བའི”ཞིབ་གཅོད་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རིགས་ཁག་གི་ཁྲིམས་འགལ་གྱོད་གཞི་91ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་21.39ཟིན་པ། དངུལ་ཆད་སྒོར་ཁྲི་68.79ཟིན་ཡོད། གཙོ་གནད་དམངས་འཚོའི་ཚོང་ཟོག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་རིན་གོང་ལ་དམིགས་ཏེ་ཁྲིམས་སྒྱུར་པ་མི་ཐེངས་2000ལྷག་ཙམ་བཏང་བ་དང་། གཉེར་སྐྱོང་ཚན་པ་6000ལྷག་ཙམ་ལ་ཞིབ་བཤེར་བྱས་པ། རིན་གོང་ཞུ་གཏུག་དང་ཐེར་འདོན་གོང་ཞུ་ཁག་114ཐག་གཅོད་བྱས་པ། རིན་གོང་གྱོད་གཞི་5ཞིབ་བཤེར་ཐག་གཅོད་བྱས་པ། 12315ཞུ་གཏུག་ཐེར་འདོན་གྱི་གྱོད་གཞི་ཁག་541བདག་སྤྲོད་དང་། མི་ཐེངས་14464ལ་བློ་འདྲི་བྱས་པ། གྱོད་གཞི་ཐག་གཅོད་ཐུབ་ཚད་100%ཟིན་པ། རྩོད་གཞིའི་དངུལ་འབོར་སྒོར་ཁྲི་80.32ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་58.45མི་ཕོག་པ་བྱས་པ་རེད།
12315འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་གོང་ཞུའི་ཆེད་དམིགས་ཁ་པར་ཕུད། འདི་ལོ་ཆབ་མདོ་གྲོང་ཁྱེར་གྱིས་12345“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་སྒྱུར་བཅོས་ལག་ལེན་ཤུགས་ཆེན་བསྟར་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཤིང་། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་དེའི་12345ཐད་སྦྲེལ་ཁ་པར་གྱིས་མང་ཚོགས་ཀྱི་རེ་ཞུ་ཐེངས་གྲངས་ཁྲི་2ལྷག་ཙམ་བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་92.63%འཕར་བ་དང་། དང་ལེན་བྱེད་ཚད་100%ཟིན་པ། བློ་ཡིད་ཚིམ་ཚད་85%ནས་93.99%བར་མཐོ་རུ་ཕྱིན་ཡོད། “2023ལོའི་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་གྱི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་བྱེད་པའི”བྱེད་སྒོར་12345ཐད་སྦྲེལ་ཁ་པར་གྱིས་དམངས་ཀྱི་སེམས་ཁྲལ་སེལ་བའི་ལས་ཕྱོད་དང་དོ་ཁུར་བྱེད་ཚད་མདུན་གྲལ་དུ་སླེབས་ཡོད།
ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་སྤེལ་མཚམས་མི་འཇོག་ཅིང་། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཕྱོགས་ཡོངས་ནས་འཕེལ་བ་བྱེད་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站