དཔའ་བོའི་གཏམ་རྒྱུད་ཡུན་ནས་ཡུན་དུ་བརྒྱུད་བསྒྲགས་བྱེད།

发布时间:2023年11月10日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

སྟོན་མཇུག་གི་ཡེ་ཆུ་ལུང་ཤུར་དུ་ཉི་འོད་རབ་ཏུ་འཚེར་ཞིང་། རྩྭ་རྩི་ཤིང་རྣམ་པར་བཀྲ་བ། རྒྱང་རིང་གི་གངས་རི་དང་ཉེ་སའི་གྲོང་ཚོ་གཉིས་ཕན་ཚུན་མཛེས་རྒྱན་དུ་གྱུར་ཡོད། དར་དམར་ནགས་རའི་གནས་རྙིང་ད་ལྟའི་སོག་རྫོང་གསེར་ཁྲམ་ཤང་ཁོངས་ཀྱི་ཡེ་ཆུའི་འགྲམ་དུ་གནས་ཡོད། ཕ་སྤུས་དག་གི་དེ་སྔོན་ལས་ཀ་བྱེད་སར་བསྐྱོད་ནས་ཕའི་དཔའ་བོའི་གཏམ་རྒྱུད་གླེང་སྐབས་དོན་གྲུབ་བཀྲ་ཤིས་ལ་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ལ་མཆི་ཞག་འཁོར།

ལོ་ཟླའི་འཁོར་རྒྱུག་རིང་པོར་གང་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡང་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་དེ་འདས་ཟིན་མེད་ལ་རྩྭ་ཐང་གི་དཔའ་བོའི་ཞུམ་མེད་ཀྱི་དཔའ་ཉམས་དེ་བོད་བྱང་གི་ས་གཞི་ཆེན་པོར་ནམ་ཡང་གནས་ཡོད།

སྤུས་དག་ནི་1932ལོར་སྦྲ་ཆེན་རྫོང་གི་འབྲོག་པ་དབུལ་པོ་ཞིག་གི་ཁྱིམ་ཚང་དུ་འཁྲུངས་ཤིང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་སྦྲ་ཆེན་རྫོང་གི་མི་རབས་དང་པོའི་བཟོ་པའི་གྲས་སུ་ཚུད་ནས་དར་དམར་ནགས་རར་ལས་ཀར་ཞུགས།

“བོད་གསར་པར་ཉམས་པ་ཐམས་ཅད་སོར་མ་ཆུད་པ་ལུས་ཡོད། སྐབས་དེ་དུས་མཚོ་ནག་ནས་ཆབ་མདོའི་བར་གྱི་གཞུང་ལམ་བཟོ་ཡི་ཡོད་པས་དེར་མཁོ་བའི་ཤིང་ཆ་མང་ཆེ་བ་དར་དམར་ནགས་རས་མཁོ་འདོན་བྱེད་ཀྱི་ཡོད། ཡར་ལངས་བཅིངས་འགྲོལ་ཐོབ་པའི་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱེད་ཀྱི་ཡོད་པས་འཛུགས་སྐྲུན་གྱི་སྤྲོ་སེམས་རབ་ཏུ་འཕེལ་ཡོད”ཅེས་སྲིད་གྲོས་སྦྲ་ཆེན་རྫོང་ཨུ་ཡོན་ལྷན་ཁང་གི་རིམ་པ་གསུམ་པའི་བརྟག་ཞིབ་པ་ཚེ་རིང་ཕུན་ཚོགས་ཀྱིས་གསར་འགོད་པར་ནགས་རའི་སྒར་ཁུལ་གྱི་བཀོད་པ་ངོ་སྤྲོད་ཞིབ་ཕྲ་བྱས། ན་ནིང་གི་ལོ་སྟོད་དུ་སྲིད་གྲོས་སྦྲ་ཆེན་རྫོང་ཨུ་ཡོན་ལྷན་ཁང་གིས་དཔྱད་ཡིག་བརྒྱུད་རིམ་ལྡན་པའི་ངང་བསྡུ་རུབ་བྱེད་པའི་རྨང་གཞིའི་ཐོག་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་དང་། སོག་རྫོང་རོང་པོ་གྲོང་རྡལ། གསེར་ཁྲམ་ཤང་བཅས་སུ་བསྐྱོད་དེ་སྤུས་དག་གི་དཔའ་བོའི་བྱས་རྗེས་ལ་བརྟག་དཔྱད་བཅར་འདྲི་བྱས་པ་ཡིན། དར་དམར་ནགས་རའི་གནས་རྙིང་གི་ལོགས་སུ་གནས་པའི་རྡོ་ཡི་བཙན་རྫོང་དེ་ད་ཆ་ཐོར་ཞིག་ཏུ་སོང་ཞིང་། སྤུས་དག་གིས་དེ་གར་ཡི་གེ་སྐྱེལ་བའི་ལས་འགན་དང་ལེན་བྱས་ཡོད། 1959ལོའི་ཟླ་དང་པོར་ངོ་ལོག་ཟིང་འཁྲུག་པས་དར་དམར་ནགས་ར་བསྐོར་བས་ནགས་རའི་འགོ་ཁྲིད་ཀྱི་བཀའ་མངགས་ལྟར་སྤུས་དག་སོགས་མི་བཞི་སྤྲང་པོར་བརྫུས་ནས་ཛ་དྲག་གི་ཡི་གེ་ཁྱེར་ཏེ་མཚན་མོར་བཀག་རྒྱ་ལས་ཐར་ཐབས་བྱས་ནས་རྐང་ཐང་མར་ཡ་ང་གྲོང་རྡལ་དུ་བསྐྱོད་པ་རེད།

“འགྲོ་ལམ་ཚང་མ་ངོ་ལོག་ཟིང་འཁྲུག་པས་བཟུང་ཟིན་པས་ངའི་པ་ཕ་དང་བཅས་པ་རྩ་ལུང་ཕུ་ཞེས་པའི་རི་ལམ་བརྒྱུད་ནས་འགྲོ་དགོས་བྱུང་ཡོད” རི་ལམ་དུ་སླེབས་རྗེས་དོན་གྲུབ་བཀྲ་ཤིས་ཀྱིས། སྐབས་དེ་དུས་དགུན་ཁ་ཡིན་ཞིང་རི་ཀླུང་ཐམས་ཅད་གངས་ཀྱིས་བཀླུབས་ཡོད་པས་ཧ་ཅང་གྲང་མོ་ཡོད། ཁོང་ཚོ་མི་4ཉིན་མོ་གབ་ནས་བསྡད་པ་དང་མཚན་མོར་གཞི་ནས་ལམ་ལ་ཆས་ཀྱི་ཡོད། ངོ་ལོག་ཟིང་འཁྲུག་པར་མི་སྐྲག་ལ་གནམ་གཤིས་གྲང་མོར་ཡང་འཛེམ་སྣང་མེད་པར་ནམ་ལངས་དུས་རྒྱལ་རབས་ཐང(ད་ལྟའི་རོང་པོ་གྲོང་རྡལ)གི་པར་ཆུའི་འགྲམ་དུ་འབྱོར་ཡོད་ཅེས་ངོ་སྤྲོད་བྱས།

ད་ཆའི་པར་ཆུའི་ཟམ་པ་ནི་དེང་རབས་ཀྱི་ཨར་འདམ་ལྕགས་རྩིབས་མའི་ཟམ་ཆེན་ཞིག་ལ་གྱུར་འདུག་པས་དེ་སྔོན་ཤིང་ཟམ་གྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། “སྐབས་དེ་དུས་ཟམ་པ་འདི་ངོ་ལོག་ཟིང་འཁྲུག་པས་སྲུང་གི་ཡོད། སྤུས་དག་སོགས་ཀྱིས་ཟམ་པའི་འོག་ནས་ཆུ་གྲང་མོར་བརྒལ་ཏེ་དགྲ་བོའི་བཀག་རྒྱ་ལས་གཡོལ་ཐབས་བྱས་ཡོད”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས། དེ་རྗེས་སྤུས་དག་སོགས་རི་ལམ་བརྒྱུད་ནས་ཆགས་གསུམ་མདོར་སླེབས་དུས་སྟབས་མི་ལེགས་པར་དགྲ་བོས་མཐོང་ནས་བདུད་ཀྱི་ལག་ཏུ་ཤོར་བ་རེད། གསང་བ་ཕྱིར་མི་གྱར་བའི་ཆེད་དུ་སྤུས་དག་གིས་འཕྲིན་ཡིག་ཁྱུར་མིད་བཏང་བ་རེད། ཉེས་རྡུང་དྲག་པོ་བཏང་ནས་འདྲི་རྩད་ཇི་ལྟར་བྱས་ཀྱང་སྤུས་དག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་གསང་བ་དམ་སྲུང་བྱས་ཡོད། ཁོང་ཁྲོ་ཆེན་པོ་ལངས་པའི་ངོ་ལོག་ཟིང་འཁྲུག་པས་སྤུས་དག་བཏགས་ནས་མེ་ལྕགས་ཀྱིས་ཁོང་གི་བྲང་ཁར“×”བརྐོས་ཤིང་། སྡུག་བསྔལ་ཚད་མེད་མྱངས་དུ་བཅུག་རྗེས་ཁྲག་དམར་འཛར་བཞིན་པའི་སྤུས་དག་སླར་ཡང་རྟ་ཡིས་གསེར་ཁྲམ་རུ་ཡོད་པའི་ངོ་ལོག་དམག་གི་སྒར་ས་བར་དྲུད་ནས་ཕྱིན་པ་དང་། དེ་གར་སླེབས་རྗེས་གདུག་རྩུབ་ཆེ་བའི་ངོ་ལོག་ཇག་པའི་མདུན་དུ་སྤུས་དག་གི་དཔའ་ཞུམ་མེད། མཐར་སྙིང་རྗེ་མེད་པའི་ངོ་ལོག་ཇག་པས་སྤུས་དག་གི་མིག་རིལ་གདུག་རྩུབ་ཆེན་པོས་བཏོན་པ་མ་ཟད་མར་ཁུ་ཚ་པོ་སྤུས་དག་གི་མིག་ནང་བླུགས་པ་རེད།

“ངའི་པ་ཕ་ལོ་25ལ་སླེབས་སྐབས་ངོ་ལོག་ཇག་པས་མིག་རིལ་བཏོན་པ་རེད། སྐབས་དེ་དུས་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པས། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་ཚང་མར་འཚོ་བ་ཡག་པོ་ཞིག་བསྐྲུན་མི་ཐུབ་བསམས་ནས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་ཡོད”དོན་གྲུབ་བཀྲ་ཤིས་ཀྱི་མིག་ནང་མཆི་ཞག་འཁོར་བཞིན་དུ“ཁོང་ལོ་ན་གཞོན་པའི་དུས་སུ་ཡ་ང་བའི་གནས་ཚུལ་དེ་འདྲ་མང་པོ་ཞིག་འཕྲད་ཡོད། ཁོང་གི་བུ་ཡིན་པའི་ངོས་ནས་དེ་དག་དྲན་མ་ཐག་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག”ཅེས་བཤད།

ད་ཆ་སྤུས་དག་གིས་སྡུག་བསྔལ་ཚད་མེད་མྱངས་བའི་ཡུལ་དེར་གྲོང་ཚོ་ཨུ་ལྷན་བཙུགས་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་དེང་གི་བདེ་འཇགས་ཞི་མཐུན་ནི་སྤུས་དག་ལྟ་བུའི་གྲངས་ལས་འདས་པའི་དཔའ་བོ་ཚོས་རང་སྲོག་བློས་གཏོང་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་ལེགས་སྐྱེས་ཕུལ་བ་ལས་བྱུང་བ་ཞིག་རེད།

སྤུས་དག་བསྐྱོད་མྱོང་བའི་ལམ་བུར་རྩྭ་ཐང་གི་དཔའ་བོའི་རྐང་རྗེས་བཀོད་པ་དང་། སྐད་ཆ་ཚིག་གཅིག་ལས་བོད་ཀྱི་བུ་ཕྲུག་ཚོས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་བའི་བརྗིད་ཆེའི་སྤྲོ་སེམས་མཚོན་པར་བྱས་ཡོད། སྤུས་དག་བསྐྱོད་མྱོང་བའི་ལམ་བུར་བསྐྱར་དུ་སྐྱོད་པ་དང་། དཔའ་བོའི་བྱས་རྗེས་བསྐྱར་དུ་དྲན་གསོ་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། རྒྱང་རིང་གི་ཕྱོགས་སུ་བློ་རྩ་བརྟན་པོས་སྐྱོད་ཚེ་དྲག་ཏུ་རྒྱུག་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་རྒྱལ་ཁ་ཐོབ་ངེས་རེད། 

རྩོམ་སྒྲིག་པ། བསྟན་འཛིན་སྒྲོལ་མ། 

微信

抖音

邮箱

邮箱地址:xzwxbjb@sina.com