ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་ཆུ་འབབ་གྲོང་ཚོའི་འབྲོག་པའི་ཁྱད་ལྡན་ཐོན་རྫས་གསོ་ཚགས་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་གི་སྣེ་ཁྲིད་འོག གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྔའི་སྒོར་1800ནས་སྒོར་ཁྲི་1.8ལྷག་ཙམ་བར་མང་དུ་ཕྱིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་དེ་སྔའི་སྒོར་ཁྲི་4.6ལྷག་ཙམ་ནས་སྒོར་ཁྲི་535ལྷག་ཙམ་བར་མང་དུ་ཕྱིན་ཏེ་ལོ་བཅུ་ལྷག་ཙམ་བསྟུད་མར་བརྟན་པོའི་ངང་འཕར་ཡོད།
“ང་ཚོའི་ཁྱིམ་དུ་འདི་ལོ་སྒོར་ཁྲི་4ལྷག་ཙམ་གྱི་དངུལ་སྨར་ཡོང་འབབ་བྱུང་བས་ང་ཧ་ཅང་དགའ་པོ་བྱུང”ཞེས་མཉམ་ལས་ཁང་གི་ཇ་ཁང་ནང་མ་བྱན་བྱེད་བཞིན་པའི་གྲོང་མི་ཀརྨ་ཆོས་ཉིད་ཀྱིས་བརྗོད་པ་དང་། ཁོང་གིས“ཇ་ཁང་དུ་ལས་ཀ་བྱས་ཚེ་རང་ཉིད་ཀྱི་ཟས་གཡོས་སྦྱོར་བྱེད་སྟངས་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ལོ་མཇུག་ཏུ་མཉམ་ལས་ཁང་ནས་བགོ་འགྲེམས་ཀྱང་ལེན་ཐུབ་ཀྱི་ཡོད། འཚོ་བ་དེ་ལྟ་བུ་ནི་སྦྲང་རྩི་ལས་ཀྱང་མངར་བ་འདུག”ཅེས་བཤད།
ལོ་40ལ་སླེབས་པའི་སྐལ་ཕུན་ནི་ཆུ་འབབ་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁྱིམ་དུ་ནང་མི་12ཡོད་པ་དང་དེ་སྔ་ཕྱུགས་རིགས་བཙོངས་ནས་ཡོང་འབབ་གསོག་གི་ཡོད། རྗེས་སུ་མཉམ་ལས་ཁང་དུ་ལས་ཞུགས་བྱས་པ་དང་། ཁོང་གིས་གསར་འགོད་པར“སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་འཛིན་གྲྭའི་ནང་ངའི་གསོ་ཚགས་ལག་རྩལ་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཞུགས་ཐུབ་བྱུང”ཞེས་བཤད། མཉམ་ལས་ཁང་གི་འགན་འཁུར་བ་ཚེ་དབང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཐོན་ལས་རྣམ་གྲངས་མང་དུ་ཧུར་ཐག་བཏང་ནས“ཏང་འཛུགས་སྐྱོང+”གི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཡོད། མིག་སྔར་གྲོང་ཚོ་དེ་ཡོངས་སུ་དུས་ཐུང་རྒྱགས་གསོ་དང་། གྱོན་ཆས་བཟོ་གྲྭ ཇ་ཁང་སོགས་དངོས་ཚན་ཐོན་ལས་ཡོད་ཅིང་། 2022ལོར་དུས་ཐུང་རྒྱགས་གསོའི་རྟེན་གཞིར་ཁེ་གཙང་ཡོང་འབབ་སྒོར་ཁྲི་22ལྷག་ཙམ་བྱུང་བ་དང་། མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭ་ནས་2022ལོར་གྱོན་ཆས་300ལྷག་ཙམ་མངགས་བཟོ་དང་བྲིན་ཚོང་བྱས་པར་ཁེ་གཙང་ཡོང་འབབ་སྒོར་ཁྲི་9ལྷག་ཙམ་ཟིན་ནས་ཆུ་འབབ་གྲོང་ཚོའི་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད།
མཉམ་ལས་ཁང་ནི་ཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ཞིང་། ཕྱོགས་གཅིག་ནས་ཞིང་འབྲོག་པ་དང་འབྲེལ་བ་ཡོད་པ་དང་ཕྱོགས་གཞན་ཞིག་ནས་ཁྲོམ་ར་ཆེན་པོ་དང་འབྲེལ་ཡོད། འོ་ན་ཇི་ལྟར་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས“འབྲེལ་ཟམ”དེ་སྐྲུན་དགོས་སམ།
ཁྲོམ་རར་བརྟེན་ནས་ཐོན་ལས་གཏན་འཁེལ་བྱེད་པ་དང་། ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ཡག་པོ་བྱེད་པ། འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱེད་པ་བཅས་ཀྱི་ཐད་ཚེ་དབང་བཀྲ་ཤིས་ལ་ལག་ལེན་ཁྲོད་ནས་ཤེས་བྱ་མང་པོ་ཤེས་ཡོད། ཁྱིམ་ཚང་རེ་རེ་བྱས་ནས་ཁྲོམ་རར་སྐྱོད་རྒྱུ་ཧ་ཅང་ཁག་པོ་ཡོད་དེ། མང་ཚོགས་ཁག་གཅིག་ལ་ཁྲོམ་རའི་འདུ་ཤེས་ཞན་པ་དང་ཁྲོམ་རའི་ཆ་འཕྲིན་ཡག་པོ་མི་ཤེས་པས་མ་དངུལ་དང་ལག་རྩལ་གྱི་དཀའ་གནད་འཕྲད་སྐབས་ཐག་གཅོད་བྱེད་ཐབས་བྲལ་བར་བརྟེན་མཉམ་ལས་ཁང་གིས“ཞན་ཆ”དེ་དག་ཏག་ཏག་སེལ་ཐུབ་ཀྱི་ཡོད།
ཆེད་ལས་མཉམ་ལས་ཁང་གིས་གྲོང་མི་དང་ཁྲོམ་རའི་དབར་གྱི“དམངས་ཕྱུག་གསེར་ཟམ”བསྐྲུན་ནས་ཐོན་ལས་དར་རྒྱས་དང་འབྲོག་པ་ཕྱུག་པོར་གྱུར་བ་བྱས་ཡོད། རྩོམ་སྒྲིག་པ། དབྱངས་ཅན།
中央部门网站
自治区部门网站
地(市)委部门网站
相关新闻网站