བྱ་ཐབས་གསར་པ་བཏོན། དམངས་ལ་ཕན་པ་བསྐྲུན།

发布时间:2023年11月10日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

འདི་ལོ་ནི་བློ་མཐུན་མའོ་ཙེ་ཏུང་གིས“ཧྥེང་ཆའོ་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་གཏོང་དགོས་པའི་མཆན་བཀོད་གནང་ནས་ལོ་60འཁོར་བའི་ལོ་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་མཛུབ་སྟོན་གནང་ནས་ལོ་20འཁོར་བའི་ལོ་ཡང་རེད། དུས་ཚོད་རིམ་གྱིས་འདས་ན་ཡང་། འགན་འཁྲི་མུ་མཐུད་ཕྲག་ཏུ་འཁུར། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་འོད་ཟེར་གངས་ལྗོངས་ས་མཐོར་ཇི་ལྟར་བྱས་ནས་མུ་མཐུད་འཕྲོ་བར་བྱེད་དགོས་སམ། བོད་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱུགས་ལན་ཞིག་ཕུལ་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བརྗོད་དོན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“སྤྱི་ཚོགས་དུས་བདེ་ཞོད་འཇགས་དང་། ཞབས་འདེགས་གང་ཐུབ་ཅི་ཐུབ། འགལ་ཟླ་རང་སར་ཐག་གཅོད”བཅས་ཐུབ་པའི་དམིགས་ཚད་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི“སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས”བཅས་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། “མང་ཤོས་ལ་ཐེངས་གཅིག་ལས་སྐྱོད་མི་དགོས་པ”དང་“མང་ཤོས་ལ་ས་ཆ་གཅིག་ལས་སྐྱོད་མི་དགོས་པའི”འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ། འདུམ་འགྲིག་ལམ་སྲོལ་ལེགས་སྒྲིག་བཅས་བྱས་པ་ལས་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཆེ་རུ་ཕྱིན་ཡོད།

2022ལོའི་ཟླ་5པར་བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྲོལ་ཡིག》བཟོས་ནས་བཏོན་ཞིང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱེད་རྒྱུ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འགལ་ཟླ་སྔོན་འགོག་དང་སེལ་རྒྱུ། ཁྲིམས་འགལ་གྱི་ཉེས་གསོག་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ཀྱི་སྲུང་སྐྱོང་བྱེད་རྒྱུ་སོགས་དུས་བདེ་འཛུགས་སྐྱོང་གི་བྱེད་སྒོར་ཁྲིམས་སྲོལ་གྱི་ངོས་ནས་ཚད་ལྡན་དང་ལེགས་སྒྲིག་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)གྱི་མདུན་གྲལ་དུ་བསྐྱོད་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། 《སྲོལ་ཡིག》བཏོན་པ་དེ་ནི་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང“ཧྥེང་ཆའོ་ཉམས་མྱོང”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་དང་དེ་བཞིན་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བར་འགན་ལེན་བྱེད་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད།

མིག་སྔའི་བར་ལྗོངས་ཡོངས་སུ་གྲོང་ཁྱེར་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་7དང་། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་77 ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་691 གྲོང་ཚོའི(སྡེ་ཁུལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས(ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལས་སྟེགས)5519 མི་དམངས་འདུམ་འགྲིག་རྩ་འཛུགས་སྣ་ཚོགས་6676བཅས་བསྐྲུན་པ་དང་འདུམ་འགྲིག་པ་ཁྲི་4.2ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། ལྗོངས་ཡོངས་སུ་ཁྱོན་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྲི་4.08ལྷག་ཙམ་འདུམ་འགྲིག་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་ཁྲི་3.98ལྷག་ཙམ་འདུམ་འགྲིག་ཐུབ་སྟེ་འདུམ་འགྲིག་ཐུབ་ཚད་95%ཡན་ཟིན་ཡོད། 

རྩོམ་སྒྲིག་པ། མཆོག་སྐྱིད།

微信

抖音

邮箱

邮箱地址:xzwxbjb@sina.com