ཐང་རྒོད་ཡངས་པོ་སྔོ་ལྗང་ཞིང་སར་བཅོས། ཡོང་འབབ་བསགས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

发布时间:2023年10月20日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོས་ཡར་ཀླུང་གཙང་པོའི་ལུང་ཤུར་ཁུལ་གྱི་མུའུ་ཆིག་སྟོང་ཙམ་གྱི་ཐང་རྒོད་གསར་སྦོལ་བྱས་ཏེ་ཡངས་པའི་ཞིང་ས་གཤིན་པོར་བཅོས་པ་དང་། དེ་གར་མ་རྨོས་ལོ་ཏོག་བཏབ་པས། ད་ཆ་སྐྱེ་འཚར་ཡག་པའི་མ་རྨོས་ལོ་ཏོག་ཡག་པོ་སྨིན་ནས། ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཆིས།

ཐང་རྒོད་མུའུ་1500གསར་སྦོལ་བྱས་ཏེ་མུའུ་850ཡི་ཞིང་སར་བཅོས་པ།

ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་གཡག་ཡེ་མྱུར་བགྲོད་གཞུང་ལམ་ལྷ་ས་དུམ་བུའི་ལམ་རྒྱུད་བརྒྱུད་ནུབ་ཏུ་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་ན། ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོར་འབྱོར་གྱི་ཡོད།

ཚ་རགས་ཤང་ཚ་རགས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བསྟན་འཛིན་དགེ་ལེགས་ཀྱིས། ཚ་རགས་གྲོང་ཚོ་ནི་ཞིང་ལས་གཙོ་བོར་བྱེད་པའི་གྲོང་ཚོ་ཞིག་ཡིན། གྲོང་ཚོར་རྨོ་ཞིང་མུའུ་5300ལྷག་ཙམ་དང་། རྒྱུན་སྡོད་མི་འབོར་1300ཙམ། ངལ་ནུས་མི་གྲངས་870བཅས་ཡོད་ཅེས་བརྗོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་ཆེད། འདི་ལོའི་ཟླ་གསུམ་པར། ཆུ་ཤུར་རྫོང་གི་སྣེ་ཁྲིད་འོག་ཚ་རགས་གྲོང་ཚོ་ཨུ་ལྷན་གྱིས་བོད་ལྗོངས་མཁའ་འགྲུལ་ཁེ་ལས་ཚད་ཡོད་ཀུང་སི་དང་ཚ་རགས་གྲོང་ཚོའི་དབར་ཡར་ཀླུང་གཙང་པོའི་ངོགས་ཀྱི་མུའུ་1500ཡི་ཐང་རྒོད་གསར་སྦོལ་གྱི་མཉམ་ལས་གྲོས་མཐུན་བཞག་ནས། ཐུན་མོང་ཐོག་བོད་ལྗོངས་ཆུ་ཤུར་ལོ་ལེགས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཤིང་། དུས་འགོར་གསར་སྦོལ་བྱས་པའི་ས་ཞིང་མུའུ་850ལྷག་ཙམ་ལ་མ་རྨོས་ལོ་ཏོག་བཏབ་པ་རེད།

བོད་ལྗོངས་ཆུ་ཤུར་ལོ་ལེགས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་དོན་པ་བློ་གྲོས་ཟླ་བས། སྔོན་ཆད་བྱེ་འགྱུར་ཧ་ཅང་ཚབས་ཆེ་བས་ས་ཞིང་ལ་ཆུ་སིམ་ཐབས་བྲལ། ང་ཚོས་རྒྱུན་ཆད་མེད་པར་རྨོད་བརྒྱབ་ནས་ལེགས་བཅོས་བྱས་རྗེས་གཞི་ནས་མིག་སྔའི་ས་ཞིང་མུའུ་850དེ་བྱུང་བ་རེད་ཅེས་ངོ་སྤྲོད་བྱས།

ས་རྒྱུ་ལེགས་བཅོས་དང་རྡོ་ཧྲུག་གཙང་སེལ་བྱས་པ།

གསར་སྦོལ་བྱས་མ་ཐག་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། བློ་གྲོས་ཟླ་བས། ང་ཚོས་ཉིན་ལྟར་ཀུང་སིའི་ལས་བཟོ་ཡོངས་དང་གྲོང་མི་30ལྷག་ཙམ་དང་། དེ་བཞིན་རྐོ་འདྲུའི་འཕྲུལ་འཁོར་དང་། ཐོ་ཕྲུག་སོགས་འཕྲུལ་ཆས་དང་སྒྲིག་ཆས་མང་པོ་སྤྱད་ནས་ཟླ་བ་གཅིག་ལྷག་ཙམ་རིང་བསྟུད་མར་ལས་ཀ་བྱས་པ་ཡིན། ས་འོག་ཏུ་རྡོ་མང་བས་འཕྲུལ་ཆས་དང་སྒྲིག་ཆས་མང་པོར་སྐྱོན་ཤོར་སོང་ཞེས་བརྗོད།

ཚ་རགས་གྲོང་ཚོའི་ཚོགས་ཆུང་3པའི་གྲོང་མི་ཉི་མ་སྒྲོལ་དཀར་རྒྱུན་དུ་དེ་གར་གླ་པ་རྒྱུག་པར་ཡོང་གི་ཡོད། ཁོང་གིས། དེ་སྔ་ཡར་ཀླུང་གཙང་པོའི་ངོགས་ཀྱི་ས་རྒྱུ་ལེགས་སུ་གཏོང་ཆེད། གྲོང་ཚོས་གྲོང་མི་སྐུལ་སློང་བྱས་ཏེ་ས་ཆ་གཞན་ནས་ས་རྒྱུ་གཤིན་པོ་དབོར་ཏེ་ས་སྣོན་རྒྱག་ཏུ་བཅུག་ཡོད། 2022ལོར་ང་ཚོས་ད་དུང་དེ་གར་རྩྭ་འབུ་སུ་ཧང་བཏབ་ཀྱང་རྩྭ་རྐང་གཅིག་ཀྱང་བསྡུ་རྒྱུ་མ་བྱུང་ཞེས་བརྗོད།

བློ་གྲོས་ཟླ་བས་ཁ་པར་གྱི་པར་དེབ་ཁ་ཕྱེ་ནས་རྡོ་སྒྲུག་བཞིན་པའི་བརྙན་ཐུང་ཞིག་ལ་མཛུབ་མོ་བཙུགས་ཏེ། ཡར་ཀླུང་གཙང་པོའི་ངོགས་སུ་རྡོ་མང་པོ་ཡོད། རྡོ་འགའ་ཤས་ཀྱི་ལྗིད་ཚད་ལ་ཏུན་ཁ་ཤས་ཟིན་པས་ལོ་ཏོག་གང་ཡང་འདེབས་ཐབས་མེད། རྡོ་སྒྲུག་ཆེད་ང་ཚོས་ཉིན་ལྟར་ཡུལ་མི་10ལྷག་ཙམ་གླས་ནས་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད།

དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཐང་རྒོད་སྟེང་གི་རྡོ་རིམ་གྱིས་བསྒྲུགས་ཚར་སྟབས་ཚང་མས་རེ་བའི་འོད་སྣང་མཐོང་། བློ་གྲོས་ཟླ་བས། ང་ཚོས་ཡར་ཀླུང་གཙང་པོ་ནས་ཆུ་འཐེན་ཏེ་ཞིང་ཆུ་གཏོང་གི་ཡོད། ཡིན་ནའང་ཡར་ཀླུང་གཙང་པོའི་ངོགས་ཀྱི་ས་ཞིང་མང་ཆེ་བ་བྱེ་ས་ཡིན་པས། ཆུ་བཏང་མ་ཐག་བསྐམས་ཏེ་ཞིང་ཁར་ཆུ་གཏན་ནས་སིམ་ཐུབ་ཀྱི་མེད། ས་ཆ་དེ་ལྟ་བུར་ལོ་ཏོག་གང་ཡང་འདེབས་ཐབས་མེད་ཅེས་བརྗོད།

གཙང་པོའི་ངོགས་དང་གྲོང་ཚོར་ཞིང་ཆུ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

གཙང་པོའི་ངོགས་ཀྱི་ས་ཞིང་གི་བྱེ་འགྱུར་གནད་དོན་ཐག་གཅོད་བྱ་ཆེད། བོད་ལྗོངས་ཆུ་ཤུར་ལོ་ལེགས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་ཀུང་སིས་ཀུང་སིའི་ལས་བྱེད་ལས་བཟོ་དང་། ཚ་རགས་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་འཐུས་མི་བསྐོངས་ནས་འཕྲལ་དུ་ཚོགས་འདུ་འཚོགས་ཏེ། ས་ཞིང་གི་བྱེ་འགྱུར་གནད་དོན་ཐག་གཅོད་ཇི་ལྟར་བྱེད་མིན་སྐོར་ལ་ཞིབ་འཇུག་བྱས་པ་རེད།

གྲོས་བསྡུར་བྱས་རྗེས་ཚང་མས། ཐོག་མར་ཆུ་ཡུར་བཟོས་ནས་ཞིང་ཆུ་གཏོང་བའི་གནད་དོན་ཐག་གཅོད་དང་། དེ་ནས་གཙང་པོའི་ངོགས་ཀྱི་ཞིང་ཁའི་ས་རྒྱུ་གཤིན་པོར་གཏོང་བ་དང་ལྗོན་ཤིང་འདེབས་པ་སོགས་བྱས་ཏེ་ས་ཞིང་གི་བྱེ་འགྱུར་གནད་དོན་རྦད་དེ་ཐག་གཅོད་བྱེད་པའི་གྲོས་ཐག་བཅད།

ཚེ་རིང་དོན་གྲུབ་ནི་བོད་ལྗོངས་ཆུ་ཤུར་ལོ་ལེགས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་དོན་པ་ཞིག་ཡིན་ཞིང་། ཁོང་གིས། དང་ཐོག་ཞིང་ཆུ་གཏོང་སྐབས། ང་ཚོས་ཐད་ཀར་ཡར་ཀླུང་གཙང་པོ་ནས་ཆུ་འཐེན་ཏེ་ཞིང་ཆུ་གཏོང་གི་ཡོད། འོན་ཀྱང་ཆར་དུས་སླེབས་སྐབས་ཆུ་འཐེན་འཕྲུལ་ཆས་ཀྱང་ཆུས་ཁྱེར་གྱི་ཡོད་སྟབས། གྲོང་ཚོའི་ས་འོག་འཕྲུལ་ཁྲོན་ནས་ཆུ་འཐེན་ཏེ་ཞིང་ཆུ་མི་གཏོང་ཀ་མེད་དུ་གྱུར་གྱི་ཡོད་ཅེས་བརྗོད།

བློ་གྲོས་ཟླ་བས། རྡོ་བསྒྲུགས་ཚར་བ་དང་། ཞིང་ཁར་ཆུའང་གཏོང་ཐུབ་པས། འདི་ལོའི་ཟླ་ལྔ་པ་ནས་བཟུང་། ང་ཚོས་ཡར་ཀླུང་གཙང་པོའི་རྒྱུད་དུ་མ་རྨོས་ལོ་ཏོག་ཚོད་འདེབས་བྱས་པ་ཡིན་ཞེས་བརྗོད། མ་རྨོས་ལོ་ཏོག་ཡག་པོ་སྐྱེ་ཆེད། ཁོང་ཚོས་ཁྱིམ་ལུད་བརྒྱབ་ནས་ས་རྒྱུ་ལེགས་སུ་བཏང་ཞིང་། ཟླ་བ་བཞི་ཙམ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་མ་རྨོས་ལོ་ཏོག་གི་ལྗང་པའི་མཐོ་ཚད་སྨི་1ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།

མ་རྨོས་ལོ་ཏོག་གི་གཟན་རྩྭ་ཏུན་2000ཙམ་ཟིན་པ།

ད་ཆ་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་ངོགས་སུ་བསྐྱོད་ཚེ་ཡུག་གཅིག་ཏུ་སྦྲེལ་བའི་མ་རྨོས་ལོ་ཏོག་གི་ཞིང་ཁ་མཐོང་ཐུབ་པས། ལོ་ཕྱེད་གོང་འདི་ཁུལ་ནི་ཐང་རྒོད་ཆེན་པོ་ཞིག་རེད་ཅེས་བརྗོད་ན་ཡིད་ག་ལ་ཆེས། བློ་གྲོས་ཟླ་བས། ང་ཚོས་འདི་ལོར་མ་རྨོས་ལོ་ཏོག་མུའུ་850ལྷག་ཙམ་བཏབ་པའི་ནང་། མུའུ་600ལྷག་ཙམ་གྱི་ལོ་ཏོག་ལ་སྐྱེ་འཚར་ཡག་པོ་བྱུང་བས། སྔོན་དཔག་བྱས་ན་མུའུ་རེ་ནས་མ་རྨོས་ལོ་ཏོག་གི་གཟན་རྩྭ་ཏུན་2ཡན་བསྡུ་ཐུབ་ཅེས་བརྗོད།

ཚ་རགས་གྲོང་ཚོའི་གྲོང་མི་མཚམས་ལགས་ཀྱིས། ད་ཆ་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་པས། བ་མོ་མ་བབས་གོང་བརྔས་ཚར་བ་བྱས་ཏེ་མ་རྨོས་ལོ་ཏོག་གཅིག་ཀྱང་མ་ལུས་པར་བསྡུ་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་ཅེས་བརྗོད།

བོད་ལྗོངས་ཆུ་ཤུར་ལོ་ལེགས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ནུའོ་ཡིས། འདི་ལོར་བཏབ་པའི་མ་རྨོས་ལོ་ཏོག་མུའུ་850ལྷག་ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་བརྔས་ཟིན་ཞིང་། སྔོན་དཔག་བྱས་ན་མ་རྨོས་ལོ་ཏོག་གི་གཟན་རྩྭ་ཏུན་2000ཙམ་ཟིན་རེ་ཡོད། ཟླ་བ་ལྔ་ཙམ་ནང་། ང་ཚོས་ཚ་རགས་གྲོང་ཚོའི་ཐང་རྒོད་མུའུ་1000ཙམ་འབྲུ་མཛོད་དུ་བསྒྱུར་པ་དང་སྦྲགས། ཚ་རགས་གྲོང་ཚོའི་ཞིང་འབྲོག་པ་1900ལྷག་ཙམ་ལས་ཞུགས་ཐུབ་པར་ཐད་ཀར་ཁྲིད་སྟོན་བྱས་པས་འབབ་འཕར་སྒོར་ཁྲི་21.6ལྷག་ཙམ་བྱུང་། གཞན་ཡང་། ཀུང་སིས་ད་དུང་གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་ཉུང་མཐར་ཡང་་མུའུ་རེར་སྒོར་500ཡི་ས་ཞིང་གི་ཁེ་སྤོགས་བགོ་བཤའ་རྒྱག་བཞིན་ཡོད་པས། ཚ་རགས་གྲོང་ཚོའི་གྲོང་མིའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ཚ་རགས་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར། ཀུང་སིས་ཐང་རྒོད་གསར་སྦོལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ལོ་ཏོག་སྣ་ཁ་གཞན་དག་ཚོད་འདེབས་བྱས་ཏེ། ཐང་རྒོད་མུའུ་1500ཚང་མ་ཞིང་ས་གཤིན་པོར་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས།

རྩོམ་སྒྲིག་པ།  ཚེ་གཡང་།


微信

抖音

邮箱

邮箱地址:xzwxbjb@sina.com